རྣམ་རྒྱལ་གླིང་དགོན་པ།

རྣམ་རྒྱལ་གླིང་དགོན་པ་ནི། དཀར་མཛེས་ཁུལ། ཉག་ཆུ་རྫོང་།ཉ་ཡུལ་ཤོད་ཤང་ཁོངས་སུ་གནས་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་སྟེ།༡༩༤༦ལོར་འབོ་གངས་དཀར་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེས་ཕྱག་བཏབ་མཛད།
ཐོག་མར་འབོ་གངས་དཀར་རིན་པོ་ཆེ་ནས་ཕ་ཡུལ་འཇང་པ་ནས་ཡིན་པའི་བླ་མ་ཟླ་བ་མཆོག་དགོན་པའི་འགན་འཛིན་བསྐོས་བཞག་གནང་བ་ལྟར་མི་ལོ་ལྔ་ཙམ་རིང་དུ་བཞུགས་ནས་སྒྲུབ་པའི་བསྟན་པ་འཛིན་སྐྱོང་ཚུལ་བཞིན་བྱས། དེའི་རྗེས་སུ་འབོ་གངས་དཀར་དགོན་གྱི་བཤད་གྲྭར་སློབ་གཉེར་མཐར་ཕྱིན་པའི་མཁན་པོ་ངག་དབང་ཆོས་གྲགས་མཆོག་འགན་འཛིན་བསྐོས་བཞག་གནང་བ་བཞིན་དུ་དུས་ཀྱི་འཕོ་འགྱུར་མ་བྱུང་བར་དུ་ལྷ་སྡེ་ཡུལ་མི་ཀུན་ལ་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་ཏེ་དམ་པའི་ཆོས་འཆད་སྤེལ་ཚུལ་བཞིན་མཛད་དེ་བཤད་པའི་བསྟན་པ་དར་སྤེལ་བྱས། རིག་གསར་རྗེས་སུ་ཕྱི་ལོ་༡༩༨༤ བླ་མ་བསམ་གཏན་སྙིང་པོ་མཆོག་གིས་འགན་བཞེས་ནས་ཕྱིའི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ལེགས་པར་གྲུབ་ཅིང་གྲྭ་རྒྱུན་ཡང་བཅུ་ཕྲག་འགའ་ཞིག་འདུས་ནས་ད་ལྟའི་ཆར་བཤད་པ་དང་སྒྲུབ་པའི་སྡེ་རྒྱས་བཞིན་པའོ།།

ཚ་བ་ཡེ་ཆེན་འགྲོ་གླིང་རི་ཁྲོད།

ཀརྨ་ཀཾ་ཚང་གི་ལུགས་བཟང་དྲི་མ་མེད་པར་སྐྱོང་བའི་རི་ཁྲོད་འདི་ཉིད་ནི། ཚ་བ་ཡེ་ཆེན་དགོན་པར་ཕྱོགས་བཞིའི་རི་ཁྲོད་བཞི་ཡོད་པའི་ལྷོ་ཡི་རི་ཁྲོད་ཡིན་ལ།   དུས་རབས་བཅུ་དགུ་པའི་སྨད་དུ་གྲུབ་དབང་བསོད་ནམས་རང་གྲོལ་གྱིས་ཚ་བ་སྒང་ཆུ་བྲག་ལུང་པའི་འཕེལ་ཕྱུག་སྐེད། སྔར་བང་ཆེན་ཚང་གི་གཞིས་སྤོས་མལ་གྲགས་པའི་གནས་དེར་ཕྱག་བཏབ། མཚན་ལ་རིན་ཆེན་འགྲོ་འདུལ་བྱང་ཆུབ་ཆོས་གླིང་ཞེས་གསོལ། ཁོང་གིས་པདྨ་བཛྲའི་བསྙེན་པ་དུང་ཕྱུར་དུ་མར་བསགས་པ་སོགས་མཛད་ནས་ཡུན་རིང་དུ་བཞུགས་ཤིང་སྒོམ་སྒྲུབ་ཀྱི་བསྟན་པ་བསྐྱངས། ཁོང་གྲུབ་པ་ཐོབ་པ་དང་སྐུ་གཤེགས་པའི་གནས་རྩ་ཆེན་ཞིག་ཡིན། དུས་འགྱུར་སྐབས་ཉམས་ཆག་བྱུང་བས། ཕྱི་ལོ་ ༡༩༩༠ ཡས་མས་སུ་ཡེ་སྤྲུལ་རིན་པོ་ཆེའི་ཞལ་བཀོད་ལྟར། པདྨ་རྡོ་རྗེས་གཙོ་འགན་ཁུར་ནས་རུ་ཁག་ལ་དངུལ་སློང་བྱས་ཏེ་འཁོར་ཁང་ཀ་མིག་བཞི་ཙམ་ཞིག་སྐུ་གོང་མའི་གཟིམས་ཤག་མལ་དུ་བཞེངས། དེ་རྗེས་ཡེ་སྤྲུལ་རིན་པོ་ཆེས་བླ་མ་བཤད་སྒྲུབ་དེར་བཞུགས་དགོས་གསུངས་ནས་ཡེ་ཆེན་སྒྲུབ་ཁང་དུའང་དབང་དང་གདམས་ངག་གང་མང་རེ་ཞུ་བཅུག་པ་སོགས་མཛད། ཕྱི་ལོ་ ༡༩༩༤ ལོར་བླ་མ་སྙན་པའི་འབྲུག་གྲགས་ཀྱིས་འདུ་ཁང་བསྐྱར་གསོ་དང་། རྟེན་གསུམ་བཞེངས་པ། དུས་མཆོད་འཛུགས་པ་སོགས་མཛད་དེ་ལོ་བཅུ་ཕྲག་ཙམ་ལ་བསྟན་པའི་བྱ་བ་གནང་། ཕྱིས་ཡེ་སྤྲུལ་རིན་པོ་ཆེས་ད་ཡོད་ཀྱི་འདུ་ཁང་གསར་བཞེངས་དང་། རྒྱ་རི་སྙི་དགའ་རྒྱལ་མཚན་བླ་བསྐོས་གནང་བ་སོགས་མཛད་ཅིང་། ད་སྐབས་བླ་མ་བཤད་སྒྲུབ་ཀྱིས་དབུ་མཛད་དེ་བཙུན་མ་རྣམས་ཀྱིས་བསྐང་གསོལ་དང་དུས་མཆོད་མ་ཆག་པའི་ཐོག་གང་འཚམ་གྱི་བསྙེན་སྒྲུབ་རེའང་གནང་བཞིན་ཡོད།

ཁྲ་འགུ་བཙུན་དགོན།

༧ སྐྱབས་རྗེ་མཁན་་ཆེན་༧ ཀརྨ་བློ་གྲོས་རིང་ལུགས་སྨྲ་བའི་སེང་གེའི་ཐུགས་བཞེད་བླ་ན་མེད་པའི་འོག་སྐྱེས་མ་མང་པོས་རེ་འདུན་ཞུས་པ་བཞིན་༧ དཔལ་ཁྲ་འགུའི་བན་སྒར་༧ མཆོག་སྤྲུལ་བླ་ོ་གྲོས་ཉི་མ་རིན་པོ་ཆེས་སྤྱི་ལོ་༢༠༠༦ བགྲང་བྱའི་བསྐལ་བཟང་འདིར་༧ དཔལ་ཁྲ་འགུ་བཙུན་དགོན་ཤེས་རབ་ཆོས་གླིང་གཙུག་ལག་ཁང་ཕྱག་བཏབ་པ་དང་། དགེ་འདུན་ཕ་སྡེས་གཟིགས་སྐྱོང་འོག་དགོན་འདིར་བཙུན་གྲངས་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་དང་བཙུན་མའི་སྒྲུབ་ཁང་གོང་མ་མཁའ་འགྲོ་འདུས་གླིང་དང་། འོག་མ་ཆོས་དྲུག་བདེ་ཆེན་ལྷུན་གྲུབ་འོད་གསལ་་གླིང་དུ་བཙུན་མ་བཅུ་ཕྲག་ལྷག་ལོ་གསུམ་ཟླ་གསུམ་ལྷག་པའི་མཚམས་བསྙེན་སྒྲུབ་ཀྱི་འཁོར་ལོ་དང་། བཙུན་མ་གཞན་རྣམ་པས་གཞུང་ཆེན་འཁོར་ལོ་གསུམ་གྱི་བྱ་བ་ལ་བསྒྲུབས་དང་སྒྲུབ་བཞིན་མངའ་བར་མཆི་བ་ལགས།། །།

ཤངས་ཀླུ་ཁང་དགོན།

ཤངས་ཀླུ་ཁང་བདེ་ཆེན་ཆོས་འཁོར་གླིང་ནི་་ཆོས་བརྒྱུད་ཀརྨ་ཀམ་ཚང་། ད་ལྟའི་བོད་ལྗོངས། མངའ་རིས། དགེ་རྒྱས་རྫོང་། གཞུང་པ་ཤངས། རུ་ཁག་གཉིས་པའི་ནང་ལ་ཡོད་ཅིང་། སྔར་འདས་་ཀྱི་གྲུབ་བརྙེས་་རིག་པ་འཛིན་པ་་མང་པོ་ཞིག་གནས་འདིར་བྱོན་ནས་བྱིན་གྱིས་བརླབས་པ་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྒྲུབ་བརྒྱུད་ཀྱི་རྒྱལ་ས་འཛིན་པའི་སྐྱེས་བུ་དམ་པ་མང་པོ་ཞིག་བྱོན་བཞུགས་གནང་བའི་ཡོངས་གྲགས་སུ། ཤངས་བླ་རབས་གཉིས་པ་གྲུབ་ཆེན་དབང་གྲགས་ཚེ་དང་སྒྲུབ་པ་མཉམ་པ་མཛད་ནས་བཞུགས་པ་དང་། དུས་ཕྱིས་འཁྲུངས་ཡུལ་ཁམས་ལྷ་ཐོག་ནས་ཡིན་པ། ཤངས་མཚམས་པའམ་ཀུན་བཟང་མཁའ་ཁྱབ་ཉི་མ་གནས་འདིར་བཞུགས་ཅིང་འགྲོ་དོན་བསྐྱངས་ནས། དམ་པ་འདི་ཉིད་དགོངས་པ་མ་འདས་པའི་གོང་ཙམ། ཕྱི་ལོ་༡༩༥༤ ལོར་གནས་ནང་དཔའ་བོ་རིན་པོ་ཆེ་གངས་མཚོའི་གནས་གཟིགས་ཏུ་བྱོན་པའི་ལམ་བར་དུ་གནས་འདིར་ཞག་གྲངས་བདུན་ཙམ་བཞུགས་ནས་། མ་འོངས་པར་གནས་འདིར་དགོན་པ་ཆེན་པོ་འབྱུང་ཞིང་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བའི་་ལུང་བསྟན་ཀྱང་རྩལ། བསྟན་པ་ཡང་དར་གྱི་སྐབས་བླ་མ་ཀརྨ་སྟོབས་རྒྱལ་ནས་བོད་རབ་བྱུང་བཅུ་བདུན་ལྕགས་རྟ་ལོར་གངས་རིར་གནས་གཟིགས་ཕེབས་པ་དང་དུས་མཚུངས་གནས་འདིར་ཕེབས་ནས། གཞུང་པའི་སྦྱིན་བདག་དང་མི་མང་གི་རེ་འདུན་ལྟར་དགོན་པ་རིམ་བཞིན་ཕྱག་བཏབ་པ་དང་ཕྱིས་སུ་སློབ་འབངས་རྣམས་ནས་ཡར་རྒྱས་བཏང་ནས། ཕྱི་ལོ་༡༩༩༦ ལོར་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་ཁང་ཡང་བཙུགས། ད་ལྟ་བླ་མ་ཀརྨ་ཡེ་ཤེས་རང་གྲོལ་གཙོས་པའི་བླ་གྲྭ་རྣམས་ནས་སྒྲུབ་་བརྒྱུད་ཀརྨ་ཀམ་ཚང་གི་ཉམས་ལེན་དང་འཁོར་ལོ་གསུམ་གྱི་བྱ་བའི་དུས་འདའ་་བཞིན་པ་བཅས་ལོ་རྒྱུས་སྙིང་བསྡུས་སུ།

ཁྲ་རིལ་དགོན།

མཚན་རྒྱས་པར་ཁྲ་རིལ་དགོན་མདོ་སྔགས་སྨིན་གྲོལ་བསྟན་རྒྱས་ཆོས་འཁོར་གླིང་ཞེས་ཞུ། གྲུབ་མཐའ། འབྲུག་པ་བཀའ་བརྒྱུད་ཡིན། ཆགས་གནས། མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཡུལ་ཚོ་ལྟོ་གཞུང་དུ་ཆགས་ཡོད། མཚོ་ངོས་ཀྱི་མཐོ་ཚད། ༤༥༠༠ལྷག་འཕགས་ཡོད། ཐོག་མར་ཕྱག་འདེབས་པ་པོ། མཁས་གྲུབ་ངག་དབང་ཆོས་འབྱོར་ཡིན། ཁོང་ནི་ཕྱི་ལོ་༡༨༤༢ལོར་སྐུ་འཁྲུངས། ༡༩༢༢ལོར་ཞི་བར་གཤེགས། ཕྱག་བཏབ་པའི་དུས་ཚོད། ཕྱི་ལོ་༡༨༦༣ལོར་ཕྱག་བཏབ། སྔ་རབས་གྲྭ་དགོན་ཡིན་པ་ལ། བསྟན་པ་ཡང་དར་གྱི་སྐབས་བཙུན་དགོན་ཡིན། ད་ལྟ་བཙུན་མ་ལྔ་བཅུ་ནང་སྐོར་ཡོད། བསྟན་བདག་བླ་མ། ཁྲ་རིལ་ངག་དབང་ཆོས་འབྱོར་སྐུ་རབས་རིམ་བྱོན་ཡིན། སྐུ་རབས་དང་པོ་མཁས་གྲུབ་ངག་དབང་ཆོས་འབྱོར་དང་། དེའི་སྐུ་རབས་རིམ་བྱོན་ད་བར་གསུམ་ཕེབས་ཤིང་། བསྟན་པ་ཡང་དར་སྐབས་ཀྱི་བསྟན་དགོན་ཉམས་གསོ་མཛད་པ་སོགས་མཛད་ཕྲིན་རྒྱས་བཞིན་སྐུ་འཚོ་ཞིང་བཞུགས་པའོ། །དགོན་འདིའི་བཙུན་མ་རྣམས་ཀྱིས་རྒྱུན་ལྡན་མདོ་དང་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རིམ་དང་བློ་སྦྱོང་སྐོར་ལ་ཆེད་དུ་སློབ་སྦྱོང་དང་ཉམས་བཞེས་མཛད་པ་མ་ཟད། སྒྲུབ་གྲྭ། ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐུ་གསུམ་སྒྲུབ་གྲྭ་དང་། ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྒྲུབ་གྲྭ་སྟེ་སྒྲུབ་གྲྭ་གཉིས་ཡོད་པ་བཅས་སོ། །