རྒྱལ་རོང་གཟིགས་སྤྲོ་དགོན།

རྒྱལ་རོང་གཟིགས་སྤྲོ་ཐུབ་བསྟན་ཆོས་འཁོར་གླིང་ནི། སྔར་རྫོང་འགག་རྒྱལ་པོ་ཚེ་དབང་གྲགས་རྒྱལ་གྱི་རིང་ལ་དབུའི་མཆོད་གནས་ཀྱིས་དགོན་པ་ཞིག་བཏབ་ཀྱང་ཕྱི་ལོ་༡༧༥༢ལོར་རྒྱ་ནག་ཆན་ལུང་རྒྱལ་པོས་ཆུ་ཆེན་རྫོང་དུ་དམག་དྲངས་ཏེ་ཟིང་འཁྲུག་སྐབས་ཁོང་རྐྱེན་ལམ་དུ་སོང་བས་དགོན་པ་དེའང་ཉམས་པར་གྱུར། དེ་རྗེས་དཔལ་སྤུངས་སི་ཏུ་པཎ་ཆེན་དགུང་གྲངས་ལྔ་བཅུ་ལྷག་གི་སྐབས་དངོས་སློབ་འབེ་ལོ་ཚེ་དབང་ཀུན་ཁྱབ་དང་བཅས་རྒྱལ་རོང་ཚ་བ་ཁག་བཞིའི་དབུ་བླར་སྔ་ཕྱི་ཐེངས་གཉིས་ཕེབས་ཏེ་དགོན་འདི་དང་དགོན་པ་དུ་མ་ཞིག་གསར་བཏབ་མཛད་ནས་དཔལ་སྤུངས་དགོན་གྱི་དགོན་ལག་ཏུ་གྱུར། ས་གནས་ནི་སི་ཁྲོན་རྔ་བ་ཁུལ་འབར་ཁམས་རྫོང་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་རྫོང་འགག་ཕུན་ཚོགས་རྒྱལ་པོའི་སྡེ་འབངས་ཀྱོམ་ཀྱོ་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཡོད། ད་ལྟའི་ཆར་དགོན་འདིའི་དབུ་ཆོས་རྟག་བརྒྱད་ཡོངས་ནས་བཤད་སྒྲུབ་ལས་གསུམ་གྱི་ཕྱོགས་སུ་འབད་འབུང་བྱས་དང་བྱེད་བཞིན་པ་ལགས་སོ།།