འབུམ་ཡག་དགོན།

འབུམ་ཡག་དགོན་སྒྲུབ་བརྒྱུད་དར་རྒྱས་གླིང་།
སྔོན་ཁམས་ལྷ་ཐོག་རྒྱལ་པོའི་མངའ་ཁོངས་དང་། ད་ལྟ་ཆབ་མདོ་རྫོང་སྨན་མདའ་ཡུལ་ཚོ་ལ་ཡོད། རབ་བྱུང་དགུ་པའི་མེ་འབྲུག་ལོ་སྟེ་ཕྱི་ལོ་༡༥༥༦ལོར་སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆས་འབོད་ཡག་ནང་གི་གོ་ཆ་སྒྲུབ་ཕུག་ཏུ་རི་ཁྲོད་མཛད་ཅིང་སྒྲུབ་པ་གནང་སའི་ཉེ་འདབ་ཏུ་ཕྱག་བཏབ། ནང་སོ་པདྨ་བློ་གྲོས་དང་། ཀརྨ་གཟི་བརྗིད་རྒྱལ་པོ་བཅས་ཀྱི་གདན་ས་སྐྱོང་། འབོད་ཡག་གྲུབ་དབང་ལྷུན་གྲུབ་རབ་བརྟན་ནམ་རྣམ་རྒྱལ་རྡོ་རྗེས་༡༧༨༤ལོ་ཡས་མས་ལ་གཙུག་ལག་ཁང་གསར་བཞེངས་དང་བསྐྱར་གསོ། དགེ་འདུན་གྱི་སྡེ་དར་རྒྱས་མཛད། དེ་ནས་ད་བར་རྣམ་རྒྱལ་རྡོ་རྗེ་སྐུ་ཕྲེང་ལྔ་བྱོན་ནས་གདན་ས་རིམ་གྱིས་སྐྱོང་། ༡༩༥༩ལོ་ཕྱི་ནང་ཚང་མར་གཏོར་བརླག་ཚབ་ཆེན་ཐེབས། ༡༩༨༠ལོ་ནས་སྤྲུལ་སྐུ་སྐུ་ཕྲེང་དྲུག་པས་དབུ་འཛིན་ནས་བསྐྱར་གསོ་གནང་། ད་ལྟ་དགོན་འདིར་མདོ་ཡི་གཞུང་ཆེན་བཀའ་པོད་རྣམས་དང་། སྔགས་རྒྱུད་སྡེ་བཞི་སོགས་འཆན་ཉན་གནང་སའི་བཤད་གྲྭ་དང་། རྩ་གསུམ་ཆོས་སྐྱོང་བཅས་དང་ཐབས་གྲོལ་ཟབ་མོ་ཉམས་སུ་ལེན་སའི་སྒྲུབ་གྲྭ། སློབ་གྲྭ་དང་དགེ་བསྙེན་གྱི་སྡེ་བཅས་ཡོད་པའི་དགོན་པ་ཚད་ལྡན་ཞིག་ཏུ་ཆགས་ཡོད། གཙུག་ལག་ཁང་གསུམ་དང་། སྤྱི་གཉེར་ཁང་གཉིས། མགོན་ཁང་གསུམ། སྒྲུབ་ཁང་ཡེ་ཤེས་རབ་འབར། སྨན་ཁང་། གྲྭ་ཤག་ཁག་བཅས་ཕྱི་ནང་གི་རྟེན་བཞེངས་གསར་རྙིང་མང་པོ་འཛོམས་པའི་རི་གླིང་དང་ཐང་གླིང་བྱས་ནས་ཆགས་ཡོད།