ཟུར་མང་བྱ་བྲལ་དགེ་དགོན།

ཟུར་མང་བྱ་བྲལ་དགེ་དགོན་ནི་དཔལ་མཉམ་མེད་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བྱེ་བྲག་ཟུར་མང་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་ཆོས་རྒྱུད་དེ། ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱི་བུ་སློབ་རིག་མ་རྒྱན་བཞིའི་ཡ་གྱལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསམ་བཞིན་ངེས་པ་དོན་གྱི་རྣལ་འབྱོར་མའི་ཚུལ་འཛིན་པ་རྗེ་བཙུན་མ་ཚྭ་ཚྭ་བཙུན་མ་ཡེ་ཤེས་རྒྱན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཐོག་མར་སྤྱི་ལོ་1425ལོར་ཕྱག་བཏབ། དེ་རྗེས་རིམ་པ་བཞིན་ཡེ་ཤེས་ཀྱི་ཌཱཀི་ནམ་མཁའི་རྣལ་འབྱོར་མ། བླ་མ་ཀརྨ་པད་གྲགས། བླ་མ་བཀྲ་ཤིས་དར་རྒྱས། བླ་མ་ཀརྨ་ཆོས་གྲགས་སོགས་ཀྱིས་གདན་ས་དར་རྒྱས་སུ་བསྐྱངས་ཏེ། ད་ལྟའི་ཆར་དགོན་འདིར་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་མཛད་པ་བཤད་པའི་སྡེ། ལམ་བསླབ་པ་གསུམ་ལ་ཉམས་ལེན་གནང་བ་སྒོམ་པའི་སྡེ། ཡི་དམ་གྱི་བསྙེན་ཚད་འཇོག་པ་སྒྲུབ་པའི་སྡེ། རྒྱ་བོད་ཀྱི་ཡིག་རིགས་སྦྱང་བ་རྨང་གཞིའི་སྡེ་གཅས་ཀྱིས་རྒྱལ་བསྟན་མི་ནུབ་པའི་རྒྱལ་མཚན་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་རྒྱས་ཕྱིར་ཉིན་མཚན་དབྱེར་མེད་དུ་འབད་བཞིན་པ་ལགས།