རི་མགུལ་དགོན།

རི་མགུལ་དགོན་པ།
རབ་བྱུང་བརྒྱད་པའི་མེ་ཁྱི་སྟེ་སྤྱི་ལོ་༡༤༦༦་ལོར་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་དགུང་ལོ་བཅུ་གསུམ་སྟེང་དུ་ཕྱག་བཏབ་སྟེ། ཆོས་འབྱུང་མཁས་དགའ་ལས། ཟུར་མང་དུ་ཁྱི་ལོའི་ལོ་གསར་མཛད། རྒ། ཟུར་དགོན། འདན་རྣམས་སུ་ཞབས་ཀྱིས་བཅགས། གླིང་གེ་སར་ཕེབས། ནང་དམེ་དང་འཁྲུག་རྩོད་མཐའ་ཡས་པ་འདུག་པ་རྣམས་ཞལ་ཏ་གནང་སྦྱིན་གྱིས་བསྡུམས། དཔོན་ཆེན་གསར་དུ་བསྐོས། ལྷ་སྡེ་མི་སྡེ་ཐམས་ཅད་རང་མལ་དུ་བཅུག་སྟེ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་བཀོད་པས་བཀའ་དྲིན་ཚད་མེད་པར་མཛད། ཅེས་གསུངས་པ་ལྟར། ཟུར་མང་ནས་འདན་ཡུལ་དང་གླིང་ཡུལ་ཚབ་ཚ་བརྒྱུད་དེ་ཤར་མི་ཉག་དང་དར་མདོ་སོགས་ལ་ཕེབས་པའི་ལམ་བར་དགོན་ས་བཏབ་ཅིང་ཆོས་སྡེ་བཙུགས་ནས་ད་བར་ཀཾ་ཚང་གི་དགོན་པ་ཞིག་ཡིན། སྤྱི་ལོ་༡༧༢༦ལོར་སི་ཏུ་བསྟན་པའི་ཉིན་བྱེད་ཐོག་མ་ཞབས་བཅགས་ནས་ཁྲོམ་དབང་དང་དབུ་ཞྭ་བསྒྲོན་མཛད་དེ་སྐལ་ལྡན་རྣམས་སྨིན་གྲོལ་ལ་བཀོད། དེ་ནས་ཤར་དཔལ་སྤུངས་ཀྱི་དགོན་ལག་ཀུན་གྱི་ཐོག་མར་གྲགས། དགོན་འདི་ལ་རི་མགུལ་དགོན་པ་ཟེར་བའི་མཚན་ཇི་ལྟར་ཐོགས་ཞེ་ན། དགོན་འདི་རི་ཡི་རྩེ་དང་རི་ཡི་འདབས་སྐེད་དུ་མ་ཆགས་པར་རི་ཡི་སྐེའམ་མགུལ་ལ་ཆགས་པས་མིང་དེ་ལྟར་དུ་གྲུབ་པའོ།། རྫ་ཆུ་བཞུད་པའི་ཉེ་འགྲམ་ཡོད་པས་རྫ་རི་མགུལ་དགོན་དང་། སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་ལྷ་འབོལ་རལ་གྲིའི་བསང་ཡིག་གི་མཛད་བྱུང་ལས་གསལ་བ་ལྟར་རི་མགུལ་དགེ་འཕེལ་ཆོས་སྡེ་གླིང་ཡང་ཞུ། རི་མགུལ་དགོན་ཐུབ་བསྟན་བདེ་ཆེན་གླིང་ཡང་ཞུ། དཀར་མཛེས་ཁུལ་གླིང་ཚང་འདན་མ་དང་ད་སྐབས་སྡེ་དགེ་རྫོང་གི་མངའ་ཁོངས་སྡེ་དགེའི་པར་ཁང་གི་བྱང་ཤར་མཚམས་སྤྱི་ལེ་༢༥༠་ཡས་མས་མཚམས་སུ་ཡོད། ༢ རི་མགུལ་གྲོང་ཚོ་ཟེར་བ་ནི། སྔོན་དུས་རབས་བཅོ་ལྔ་པའི་ལོ་རབས་དྲུག་པའི་དཀྱིལ་དུ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་ཕྱག་བཏབ་པའི་དགོན་པ་ལ་རི་མགུལ་དགོན་པ་དང་། དེའི་ཉེ་ཟུར་ལ་རིམ་གྱིས་སྡེ་པ་བྱུང་བ་ལ་རི་མགུལ་གྲོང་སྡེ་ཟེར་བར་གྲགས་སོ།།