ཨ་ལོ་དཔལ་འབྱོར་དགོན།

༈ བཀའ་བརྒྱུད་བསྟན་པའི་འབྱུང་གནས་ཨ་ལོ་ཐུབ་བསྟན་དཔལ་འབྱོར་དགོན་ནི།   རབ་བྱུང་༨ པའི་ནང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་མཆོག་གིས་རི་ཁྲོད་བཏབ། ཀརྨ་པ་བརྒྱད་པས་ཀྱང་གནས་དེར་སྤང་བ་བསམ་གཏན་པའི་སྡེ་དངོས་གཙང་ཞིག་ཡོད་ཅེས་བསྟོད་སྔགས་མཛད། ཕྱིས་སུ་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་མཆོག་གནས་དེར་ཕེབས་ནས་རབ་གནས་དང་དགོན་པའི་མཚན་ལ་ཨ་ལོ་དཔལ་འབྱོར་དགོན་ཞེས་གསོལ། དེ་ནས་ཨ་ཡག་རྒྱལ་དང་། གུར་མགོན། བླ་མ་དཀའ་ཐུབ། བསྟན་སྲུང་སོགས་ནི་བསྟན་དགོན་ལ་མཛད་རྗེས་ཆེ། རྗེ་དགུ་པའི་དངོས་སློབ་བླ་མ་ཕུན་ཚོགས་མཆོག་གིས་དཔལ་འབྱོར་དགོན་དུ་རྒྱལ་བྱེད་ཚལ་ལ་དཔེ་བླངས་ཏེ་གཙུག་ལག་ཁང་གསར་བཞེངས་གནང་། བླ་མ་ཀརྨ་རྣམ་རྒྱལ་དང་། ཨ་ལོ་བླ་མ་ཀུན་མཁྱེན་མཆོག་གིས་བསྟན་དགོན་སྐུ་ཚེ་ཧྲིལ་པོ་བསྐྱངས།  ༧སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་མཆོག་ཨ་ལོའི་ཡུལ་འདིར། ཕྱི་ལོ་1699 ལོར་སྐུ་འཁྲུངས་ཞིང་ཨ་ལོ་བླ་མ་ཀུན་མཁྱེན་དང་བླ་མ་ཆོས་དབང་སོགས་ལས་མདོ་སྔགས་རིག་གནས་དང་བཅས་ལ་གསན་བསམ་ཕལ་མོ་ཆེ་གདན་ས་འདི་ཉིད་ནས་གནང་ཞིང་དགུང་ལོ་ཉེར་དགུའི་བར་དུ་གདན་སའི་མཐིལ་ཉིད་དུ་མཛད་ནས་བཞུགས། ཕྱི་ལོ་1727ལོར་གདན་ས་གཉིས་པ་དཔལ་སྤུངས་དགོན་གསར་དུ་བཏབ།
ཕྱི་ལོ་1836-1910 འདུལ་བ་འཛིན་པ་ཆེན་པོ་མཁན་ཆེན་བཀྲ་ཤིས་འོད་ཟེར་དང་། ཕྱི་ལོ་1880-1955 མཁན་ཆེན་ཀརྨ་ཐུབ་བསྟན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མས་དཔལ་འབྱོར་དགོན་གྱི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རྒྱ་ཆེར་བསྐྱངས། ཡང་དར་གྱི་བསྟན་པ་དབུ་བརྙེས་པ་ནས་བཟུང་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་གྲུབ་པ་དང་། བླ་མ་ཀརྨ་ཆོས་སྐྱོང་དང་། བླ་མ་བློ་བཟང་ཚེ་རིང་སོགས་ཀྱི་སྐུ་དྲིན་དང་བདག་རྐྱེན་ལ་བརྟེན་ནས་བསྟན་པ་ཉམས་གསོ་མཛད།  དེང་གི་ཆར་ཨ་ལོ་ཐུབ་བསྟན་དཔལ་འབྱོར་དགོན་འདིའི་བཤད་སྒྲུབ་ལས་གསུམ་གྱི་ཐུགས་འགན་སྤྲུལ་ཀུན་བཟང་རྡོ་རྗེ་མཆོག་གིས་བཞེངས་ནས་དར་ཞིང་རྒྱས་བཞིན་པའི་སྐབས་ལགས་སོ། །