སྙེ་མོ་སྟོད་ལེབ་ཤཱཀྱ་ཆོས་གླིང་དགོན།

    སྟོད་ལེབ་མཁའ་སྤྱོད་དགོན་ནམ་ཤཱཀྱའི་བཤད་སྒྲུབ་ཆོས་འཁོར་གླིང་དགོན་ནི། ཀརྨ་པ་དེ་བཞིན་གཤེགས་པའི་སྒྲུབ་གནས། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ལ་གྲུབ་ཐོབ་གླིང་ཆེན་རས་པ་ཞལ་གཟིགས་སའི་གནས་ཁྱད་པར་ཅན་འཆིལ་ཕུའི་རི་ཁྲོད་དང་ཐག་ཉེ་བའི་སར་ཞྭ་དམར་སྐུ་ཕྲེང་གཉིས་པ་རྗེ་མཁའ་སྤྱོད་དབང་པོས་སྤྱི་ལོ་1375 ལོར་ཕྱག་བཏབ། དགེ་འདུན་པ་བརྒྱ་ཕྲག་བཞི་ལ་ཉེ་བས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། དེ་རྗེས་སྤྱི་ལོ་1642 ཡས་མས་སུ་སོག་དམག་གིས་ཀར་བསྟན་བཅོམ་རྗེས་སུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་ཐབས་མཁས་ཀྱི་མཛད་པ་ལ་གོང་ས་ལྔ་པ་ཆེན་པོས་གཟིགས་མཐོང་ཆེན་པོས་སླར་ཡང་གདན་ས་མཚུར་ཕུས་གཙོས་ཆོས་སྡེ་ཉེར་གཅིག་གནང་བའི་གྲས་ཡིན་པས་དུས་དེ་ནས་བཟུང་སྟེ། རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན་དང་གདན་ས་མཚུར་ཕུ་མཆོད་ཁང་གོང་གི་དགོན་ལག་ཏུ་གྱུར་ནས་བསྟན་པ་རྒྱས།
    བསྟན་པ་བསྐྱར་དར་གྱི་སྐབས་སུ་སྐྱབས་རྗེ་རྒྱབ་ཚབ་རིན་པོ་ཆེའི་བཀའ་དགོངས་ཇི་བཞིན་དུ་བླ་མ་ཡེ་ཤེས་ཆོས་འཕེལ་གྱིས་རིམ་ཁག་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་བརྒྱུད་སྤྱི་ལོ་1990 ལོར་སྔོན་སྟོད་ལེབ་དགོན་ས་རྙིང་པ་ནས་ཅུང་ཟད་གནས་སྤོས་བྱས་ནས་བསྐྱར་བཞེངས་ཀྱི་དབུ་བཙུགས་ནས་རྟེན་བརྟེན་པ་དང་བཅས་པ་ལེགས་པར་གྲུབ། རྟེན་གྱི་གཙོ་བོ་ཐུབ་དབང་གཙོ་འཁོར་གསུམ་དང་གྱ་པ་གངས་པའི་ཐུགས་དམ་གྱི་རྟེན་འབུམ་རྒྱས་འབྲིང་བསྡུས་གསུམ་རིན་བྲལ་མ་སོགས་བཞུགས། ད་ལྟའི་ཆར་ཡང་དགེ་འདུན་བཅུ་ཕྲག་གསུམ་ལ་ཉེ་བས་གདན་ས་མཚུར་ཕུའི་ཕྱག་སྲོལ་ཇི་བཞིན་དུ་སྒྲུབ་སྡེ་ཆོས་སྐུ་མི་འགྱུར་གླིང་དུ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ། དགོན་གཞུང་གིས་མར་ལུགས་རྒྱུད་སྡེའི་སྒྲུབ་མཆོད་སོགས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བཞིན་བཞུགས་སོ།།ས་གནས་སྙེ་མོ་རྫོང་མར་རྐྱང་ཤང་ཁོངས། ལམ་ཐག་སྙེ་མོ་རྫོང་ནས་སྤྱི་ལེ་30 མཚོ་འཕགས་རྨིད་4450 བཅས་ཡོད།