ཕུ་རྫོང་དགོན།

       གཙང་ལྗོངས་གཡས་རུ་ཤངས་ཀྱི་ཕུ་(ཕུག་)རྫོང་དགོན་ནི་བོད་ལྗོངས་གཞིས་ཀ་རྩེ་ས་གནས་རྣམ་གླིང་རྫོང་རྒྱ་མཚོ་ཤང་སྤེ་སྐྱ་གྲོང་ཚོའི་ཕུ་རུ་ཆགས་ཡོད་ཅིང་། དགོན་དེ་ནི་སྔོན་དུས་ཀྱི་ཕུག་རྫོང་ཞེས་པའི་རྫོང་མིང་དགོན་པར་ཐོགས་པས་ཕུག་རྫོང་དགོན་ནམ། ཡང་ན། སྤེ་སྐྱ་གྲོང་ཚོའི་ཕུ་རུ་རི་བོ་གླང་ཆེན་འགྱིང་འདྲའི་རྣ་ཅོག་གཡས་ཀྱི་ངོས་སུ་ཆགས་པས་ཕུ་རྫོང་དགོན་ཞེས་ཐོགས་པར་སྣང་། དགོན་པ་དེ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་དུ་ཏྲེ་ཧོ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དཔག་བསམ་དབང་པོས་ཕྱག་བཏབ་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཙུན་མའི་དགོན་པ་ཞིག་དང་། ད་ལྟ་ཡང་ཆོས་བརྒྱུད་ནི་རང་སོར་གནས་ཡོད་ཅིང་། ཁྱོན་མི་ལོ་༥༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ལ། དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱི་ཁྲོད་གདན་ས་རྩ་འཐོར་དུ་ཕྱིན། ཏྲེ་ཧོ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་བླ་མེད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་༡༩༨༧ལོ་ནས་བཟུང་དགོན་དེ་བསྐྱར་བཞེངས་མཛད་རྒྱུའི་དབུ་བཙུགས། དེ་ནས་བཟུང་ད་ལྟ་བར་གཙུག་ལག་ཁང་ཀ་བ་བཅུ་གཉིས་ཅན་ཞིག་དང་། སྟེང་ཤོད་དུ་ཏྲེ་ཧོ་རིན་པོ་ཆེའི་གཟིམས་ཆུང་། སྒོ་འཕྱོར་ཀ་བ་བཞི་ཅན། བཀའ་འགྱུར་ལྷ་ཁང་། སྒྲོལ་མ་ལྷ་ཁང་། དེ་བཞིན་དཔེ་མཛོད་ཁང་དང་། དཔེ་ཁྲིད་ཁང་བཅས་ཀྱི་རྟེན་དང་བརྟེན་པར་བཅས་པ་བསྐྱར་བཞེངས་ལེགས་པར་གྲུབ།