དགེ་རྒྱལ་གནས་མདོ་དགོན།

དགོན་པ་འདི་ནི་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་ཕྱི་རུག་གྲོང་སྡེའི་མངའ་ཁོངས་སུ་ཡོད་ལ། གྲུབ་མཐའ་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རིང་ལུགས་འཛིན་པ་གནས་མདོ་བཀའ་བརྒྱུད་ཀྱི་དགོན་སྡེ་ཐོག་མ་ཞིག་སྟེ། དེ་ཡང་སྤྱི་ལོ་(༡༧༧༦)ལོ་སྟེ་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ལོ་ས་ག་ཟླ་བའི་ཚེས་པ་བཅུ་ལ་དགོན་འདི་ཁམས་བླ་སྔོན་མའམ་ཆགས་མེད་གསུང་སྤྲུལ་ཀརྨ་བདེ་ཆེན་སྙིང་པོ་གང་ཉིད་ཀྱིས། རིགས་ཀྱི་བདག་པོ་ཀརྨ་ཞྭ་དམར་བཅུ་པ་ཆོས་འགྲུབ་རྒྱ་མཚོའི་བཀའ་བཞིན་དགེ་རྒྱལ་དཔོན་གུ་རུ་བསྟན་སྐྱོང་གི་མངའ་འབངས། གཉེན་ཚེའི་ཡུལ་ཤོག་ཞལ་བཟང་ཞེས་པའི་ས་ཆ་རུ། ལྷ་དང་བླ་མའི་བཀའ་དགོངས་བཞིན་གནས་མདོ་སྟོད་རྒྱུད་ཀྱི་གདན་ས་ཐོག་མ་དཔལ་ཐེག་ཆེན་ཆོས་འཕེལ་གླིངའདི་ཕྱག་བཏབ་པ་དང་། གནས་དེར་ལོ་མང་རིང་བླ་མ་གསུམ་གྱིས་གདན་ས་འདི་སྐྱང་བར་མཛད་ལ། ཕྱིས་སྤྱི་ལོ་(༡༨༣༠)ཡས་མས་སུ་ཆོམ་རྐུན་གྱིས་གནོད་འཚེ་རྒོད་པས་དགོན་འདི་གཏོར་སྐྱོན་ཤོར་ནས་གདན་ས་ཁ་བོ་དགེ་སྙེན་དུ་སྤོས། དེར་ཡང་ཡུན་རིང་དུ་མ་གནས་པར། སྤྱི་ལོ་(༡༨༣༤)ཡས་མས་སུ་གནས་སྤར་ཏེ་དགེ་རྒྱལ་སྨད་མ་རྣམ་སྲས་སྡེ་བའི་མངའ་ཁོངས། གཏེར་སྲུང་ཆེན་པོ་དགེ་སྙེན་བསྙོ་ཁས་སྐྱོང་བའི་ཡུལ་གྲུ། ལྐོག་གི་བསྙོ་ལོ་འབུམ་རྫོང་ཞེས་པ་དཔལ་ཆེན་རྡོ་རྗེ་ཕུར་པའི་གནས་ཉིད་དུ་གྲགས་པའི་མདུན་ཞོལ་དུ་དགོན་འདི་ཕྱག་བཏབ་པས་བསྙོ་ལོ་གནས་མདོ་དགོན་ཞེས་ཡོངས་སུ་གྲགས་ལ། དེ་ནས་བཟུང་གནས་འདིར་བཤད་སྒྲུབ་ཀྱི་སྡེ་དར་ཞིང་རྒྱས་ཏེ་གཞི་རྒྱ་ཆེ་རུ་སོང་ཡང་། དུས་ཟིང་སྐབས་སྤྱི་ལྟར་ཉམས་རྒུད་དུ་སོང་བ་དང་། དུས་ཕྱིས་སྔར་བཞིན་བསྟན་གཞི་བཤད་སྒྲུབ་ཀྱི་སྡེ་རྣམས་ཉམས་གསོ་མི་དམན་པ་རེ་བྱུང་བཞིན་ཡོད་དོ།། །།