ཀ་གདན་དགོན།

གུང་རུ་ཀ་གདན་དགོན་ནི་ཆབ་མདོ་ཁུལ་དཔལ་འབར་རྫོང་རབ་ཡུལ་ཡུལ་ཤོག་གི་མངའ་ཁོངས་རྒྱལ་མོ་རྔུལ་ཆུའི་ཉེ་འགྲམ། རི་བོ་ཤ་གདུགས་ཀྱི་མགུལ་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་མཚོ་འཕགས་སྨི་༤༣༦༠ ཡོད་སར་ཆགས་ཡོད། དང་ཐོག་དགོན་འདི་རབ་བྱུང་དྲུག་པའི་ནང་རྒྱ་སྟོན་ཆོས་རྗེས་ཕྱག་བཏབ།
དེ་ནས་ཆོས་རྗེའི་ཐུགས་སྲས་རྒྱ་སྟོན་ནམ་མཁའ་རྡོ་རྗེ་སོགས་རྒྱ་སྟོན་གྱི་བླ་རབས་རིམ་བྱོན་ནས་དགོན་འདི་ཡུན་རིང་བསྐྱངས་པར་གྲགས།
ཡུལ་མི་རྒན་རབས་དག་གིས་བཤད་རྒྱུན་ལ་རབ་ཡུལ་ཐང་དཀར་སྟེང་དུ་སྔར་ཀ་གདན་དགོན་དེར་ཡོད་པར་བཤད་ལ། དགོན་པ་ལ་འབུ་གྲོག་མས་གནོད་སྐྱོན་ཚབས་ཆེན་བཏང་ནས་དགོན་པ་ཀ་གདན་དགོན་དུ་གནས་སྤོས་བྱས་དགོས་ཐུག་པར་བཤད། དེ་ནི་སྤྱི་ལོ་༡༥༡༤ཡིན་མིན་ཙམ་ལ་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཕྱག་བཏབ་པ་དགོན་མིང་བཀྲ་ཤིས་སྒང་ཞེས་གསོལ་བ་ད་ལྟ་དགོན་པའི་མཁར་རྨང་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་རྒྱལ་བ་བྱམས་པ་སོགས་ཀྱི་བྲག་རིས་ཀྱི་རྗེས་ཤུལ་རྣམས་དངོས་སུ་མཇལ་ཡོད།
ཡིན་ཡང་རྒྱ་སྟོན་ཆོས་རྗེ་དང་ཀརྨ་པ་མི་བསྐྱོད་རྡོ་རྗེའི་བར་ལ་མི་ལོ་ཉིས་བརྒྱ་ལྷག་ཞིག་ཧེ་བག་ཡོད། དེ་ནི་ཆོས་རྗེ་བྱོན་སྔ་བ་ཡིན་པས་ཐང་དཀར་བཀྲ་ཤིས་སྒང་གི་སྔོན་ལ་ཀ་གདན་དགོན་མེད་པར་བཤད་ན་ལོ་རྒྱུས་དང་མི་མཐུན། ཐང་དཀར་བཀྲ་ཤིས་སྒང་གི་སྔོན་ལ་ཀ་གདན་དགོན་ཡོད་པ་དེ་དང་མཉམ་དུ་བསྡོམས་ཡོད་པར་བཤད་ན་ལོ་རྒྱུས་དང་མཐུན་པར་སེམས།
དགོན་མིང་རྣམ་གྲངས་ཀ་གདན་དགོན། སྐལ་ལྡན་དགོན། དགའ་ལྡན་དགོན་མིང་མི་འདྲ་བ་གསུམ་ཡོད།
རྟེན་གཙོ་ནི་སྐྱེས་མཆོག་ནམ་མཁའ་རྡོ་རྗེའི་ཞབས་རྗེས་གསལ་ལ་དོད་པ་རྒྱ་སྟོན་ཆོས་རྗེའི་སྐུ་སྤྱན་ཆབ་ང་འདྲ་མ་སོགས་རྟེན་རྙིང་རིན་བྲལ་ཅན་དུ་མ་བཞུག་ཡོད། ཆོས་རྒྱུད་ཀརྨ་ཀཾ་ཚང་ཡིན།
སླར་ཡང་སྤྱི་ལོ་༡༩༨༥ ལོར་ཕྱག་དགའ་རིན་པོ་ཆེ་དང་ཚངས་གསར་བླ་མ་ཡེ་ཤེས་རྡོ་རྗེ་རང་དགོན་གྱི་བླ་མ་སོགས་ཀྱི་ཐུགས་བསྐྱེད་བདག་རྐྱེན་ལ་བརྟེན་ནས་གུང་རུ་རབ་ཡུལ་ལྕགས་རུ་སྲིབ་རུང་བཅས་དད་ལྡན་མང་ཚོགས་ཀྱིས་བསྐྱར་བཞེངས་ལེགས་པར་གྲུབ་བོ།།