ཀརྨའི་སྙིང་ཆེན་དགོན།

ཀརྨའི་སྙིང་ཆེན་དགོན་གྲུབ་གཉིས་པདྨོའི་གླིང་ནི་ཀཾ་ཚང་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་བཙུན་དགོན་ཞིག་ཡིན། དགོན་པ་གནས་ཡུལ་མཚོ་སྔོན་རྫ་སྟོད་རྫོང་། ལྕི་སྟོད་ཤོག་ཀ་འབྲོང་པ་བར་མ་ཡུལ་ཚོའི་གནས་མཆོག་ཙཱ་འདྲ་སྙིང་ཆེན་གསང་བ་ཡང་རྫོང་པདྨ་བརྩེགས་པའི་མདུན་ཞོལ་ན་ཆགས་ཤིང་རྫ་སྟོད་རྫོང་གྲོང་ལྷོ་ཕྱོགས་ནས་ལམ་ཐག་ལེ་བར་སུམ་ཅུ་ཙམ་ཡོད། 
དགོན་པ་འདི་ཉིད་དཔལ་རྒྱལ་དབང་ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེ་མཆོག་གིས་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཡོས་ཀྱི་ལོར་(སྤྱི་ལོ་༡༧༧༡ལོ)ཕྱག་བཏབ་ནས་ད་བར་ལོ་ངོ་ཉིས་བརྒྱ་ལྔ་བཅུའི་ལོ་རྒྱུས་ཡོད། དེ་ནས་བར་སྐབས་ཤིག་ལ་ཉམས་རྒུད་སོང་ནས་ཡུན་རིང་ལུས་མཐར། སྤྱི་ལོ་༢༠༠༧ ལོའི་ཟླ་བ་༩ པར་སླར་གསོ་བྱས། ད་ལྟ་དགོན་གཞུང་དང་སྒྲུབ་སྡེ་གཉིས་ཀར་སྐུ་གསུང་ཐུགས་རྟེན་དང་མཁོ་ཆས་སོགས་ཅུང་འཐུས་ཚང་ཡོད། དགོན་པའི་ཇོ་སེར་ཚང་མ་དུས་རྒྱུན་དགོན་པར་གཏན་སྡོད་བྱེད་པའི་སྒྲིག་ལམ་ཡོད་པས་ཉིན་བཞིན་རང་ལུགས་ཞོགས་དགོང་ཚོགས་ལ་གཞི་བཅས་ཏེ་སྤྱི་ཕན་རིམ་འགྲོ་དགེ་བསྔོ་བཅས་ཆག་མེད་དང་།  ལོ་ཟླའི་དུས་མཆོད་ཟླ་རེའི་ཉ་སྟོང་སོགས་དུས་ཆེན་རྣམས་སུ་སྨན་ཆོག་དང་། ཚེས་བཅུ། གསོ་སྦྱོང་། དགུ་ཆེ་ཆུང་སོགས་དུས་མཆོད་རྒྱས་བསྡུས་བཅུ་ཕྲག་ལྷག་མ་ཆད་པར་འཚོག་རྒྱུ་ཡོད་པ་བཅས་སོ། །