གཞུའི་གྲ་མ་གྲུ་བཞི།

རྒྱལ་བ་ཀརྨ་པ་སྐུ་ཕྲེང་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པའི་ཕྲིན་ལས་ཀྱི་སྒྲུབ་གནས་གཞུ་ཡི་གྲ་མ་གྲུ་བཞི་ནི། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། གྲ་མ་གྲུ་བཞི་ལ་སོགས་སུ།།ལུས་སྲོག་ལྟོས་མེད་སྒྲུབ་པ་མཛད།།ཅེས་གསུངས་པ་ལྟར་རྗེ་དུས་མཁྱེན་དགུང་གྲངས་ཞེ་གཉིས་བཞེས་པ་སྤྱི་ལོ་༡༡༥༡ལོར་གནས་འདིར་ཕེབས་ནས་མཁའ་འགྲོའི་གསང་བ་ཕུག་ཏུ་སྒྲུབ་པ་ལ་བཞུགས། རླུང་དབུ་མར་ཚུད་དེ་མཆོག་གི་དངོས་གྲུབ་བརྙེས། སློབ་མ་བཞི་བཅུ་ཙམ་འདུས་ནས་ཚོགས་པ་སྐྱོང་བའི་འགོ་ཚུགས། དོན་ཞགས་ཀྱི་སྨྱུང་གནས་འབའ་ཞིག་སྐྱོང་བར་མཛད། སྔ་ཕྱི་སྡོམས་པས་ལོ་བརྒྱད་ཙམ་བཞུགས་ནས་བྱིན་གྱིས་བརླབས། གཞན་ཡང་རྗེ་རང་བྱུང་རྡོ་རྗེ། རྒྱལ་བ་ཆོས་གྲགས་རྒྱ་མཚོ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀར་ཚང་ཡབ་སྲས་ཕལ་མོ་ཆེ་གནས་འདིར་སྒྲུབ་པ་མཛད་ནས་དར་རྒྱས་ཆེན་པོ་བྱུང་།
     རྗེ་བཅུ་པའི་སྐུ་དུས་སུ་དགེ་བསྒྱུར་མཛད་པ་ནས་བཟུང་སྒྲུབ་གནས་ངོས་མི་ཟིན་པ་ཙམ་དུ་གྱུར། བསྟན་པ་བསྐྱར་དར་གྱི་སྐབས་སུ་མཚུར་ཕུའི་བླ་མ་ཨ་སྟོབས་ཀྱིས་སྒྲུབ་གནས་སླར་གསོ་བྱས་ནས་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་བསྐྲུན་ཐུབ་པ་བྱུང་ཡོད། ས་གནས་ལྷ་ས་སྙེ་མོ་རྫོང་གཞུ་སྨད་ཤང་གི་ཁོངས་སུ་གནས།  རྒྱ་མཚོ་ངོས་ལས་མཐོ་ཚད་རྨིད་༤༢༠༠ ཡིན་པས་ས་བབ་ཅུང་མཐོ།