རྡོ་དགོན་འབྲུག་རྒྱལ་ཆོས་འཁོར་གླིང་།

བོད་ཁམས་ཕྱོགས་ཆབ་མདོའི་རྫ་རྒྱུད་རྡོ་ཕུའི་དབེན་གནས་སུ་ཡོད་པའི་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་སྟེ། རབ་བྱུང་བཅུ་པའི་ཆུ་ཡོས་ཕྱི་ལོ་ ༡༦༠༣ ལོར་མདོ་ཁམས་པ་ཀརྨ་བསྟན་འཕེལ་མཆོག་གི་ཐུགས་སྲས་ཀྱི་གཙོ་བོ། མ་ཎི་བ་བློ་གྲོས་བཟང་པོ་མཆོག་གིས་ཐོག་མར་ཕྱག་བཏབ། ས་ཕག་ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་ནས་དགོན་པ་འདི་ཉིད་རྩ་འཐོར་དུ་སོང་། ཆུ་ཕག་ཕྱི་ལོ་ ༡༩༨༣ ལོར་སྤྲུལ་ཀརྨ་འཕྲིན་ལས་དང་སྤྲུལ་ངག་དབང་མཐར་ཕྱིན་རྣམ་གཉིས་ཀྱིས་ཐུགས་འགན་བཞེས་ཏེ་སླར་ཡང་དགོན་པ་འདི་ཉིད་རྟེན་དང་བརྟེན་པ་བཅས་པར་གསར་བཞེངས་གནང་ཞིང་ད་ཆར་དགོན་འདིའི་བསྟན་བདག་མཆོག་སྤྲུལ་བློ་གྲོས་བཟང་པོ་སྐུ་ཕྲེང་བརྒྱད་པ་རིན་པོ་ཆེ་མཆོག་གི་གཙོས། བླ་སྤྲུལ་མཁན་སློབ་དགེ་འདུན་འདུས་མང་བརྒྱད་བཅུ་ཡས་མས་ཙམ་གྱིས་སྟོན་པའི་བཅས་ཁྲིམས་དང་། དགེ་འདུན་པའི་ནང་ཁྲིམས་སོགས་ཀྱི་སྒྲིག་གཞི་ལྟར་དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་མཐོང་བ་བརྒྱུད་པའི་ཆོ་ག་ཕྱག་ལེན་ཁག་ལ་སྦྱང་བརྩོན་གནང་སྟེ། སྒྲུབ་མཆོད་ཁག་དང་། དུས་མཆོད་ཚེས་བཅུ་ཉེར་ལྔ་སོགས་འཚོགས་གནང་བཞིན་པ་མ་ཟད་སྔོན་འགྲོའི་ཆོས་སྐོར་དང་། རིག་གནས། དཔེ་ཆ་སོགས་ལ་ཐོས་བསམ་དང་། བླ་གྲྭ་བསླབ་པ་རྒན་གྲས་རྣམ་པ་སྒྲུབ་ཁང་ནང་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་གནངས་དང་གནང་མུས་བཅས་ཀྱིས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཛིན་སྐྱོང་གནང་བཞིན་པ་ཡིན་ནོ། །