དགོ་ཡུལ་དགོན།

དགོ་ཡུལ་དགོན་གྱི་ལོ་རྒྱུས།

བོད་ལྗོངས་ས་དགའ་རྫོང་ཁོང་ཁྲང་མགོ་སྲིད་གཞུང་དགོ་ཡུལ་གྲོང་མཚོའི་སར་ཡོད་པའི་སྟོད་མངའ་རི་དགོ་ཡུལ་དགོན་པ་འདི་བཞིན་ཕྱག་འདེབས་པ་པོ་ནི། དགོ་ཡུལ་བ་ཡན་དཔོན་རྒྱུད་ཀྱི་རིགས་ལས་འཁྲུངས་པའི་བླ་མ་པདྨ་ཆོས་དབྱིངས་ཞུ་བ་ཁོང་གི་དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ལ་ཕྱག་བཏབ་པར་གྲགས་ཤིང༌། དེ་ཡང་སྐུ་གཞོན་ནུའི་དུས་ནས་དབུས་ཕྱོགས་སུ་ཕེབས་ནས་༧རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་མཆོག་དང་ཆོས་དབང་སྤྲུལ་སྐུ་ལ་སོགས་པའི་སྐབས་དེ་དུས་ཀྱི་མཚུར་ཕུའི་བླ་མ་ཆེ་རྒུའི་རྣམས་ཀྱི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་ཁྲིད་ཀྱི་དམ་པ་ལེགས་པར་ནོད་དེ་རང་ཡུལ་དུ་ཕྱིར་ཕེབས་ནས། རི་ཁྲོད་འདིར་དགོན་པ་ཆུང་ཙམ་ཞིག་བཞེངས་གནང་། ཆབ་གཅིག་སྐུ་མཆེད་ཨ་ནེ་གཉིས་ལ་སོགས་པས་སྒྲུབ་པ་ཉམས་ལེན་ལ་ཐུགས་རྩེ་གཅིག་ཏུ་གཞོལ་ཞིང༌། དེ་རྗེས་གདན་ས་ཆེན་པོ་མཚུར་ཕུར་སྙན་སེང་ཞུས་འབྲས་བཀའ་མངགས་ལྟར་སྨན་སྡོང་དགོན་ནས་བླ་མ་ཞིག་གདན་དྲངས་ནས་ལོ་མང་རིང་བསྟན་འགྲོའི་དོན་ཆེན་མཛད་ནས་བཞུགས། དེའི་རྗེས་སུ་གདན་ས་མཚུར་ཕུ་རང་ནས་སྔ་རྗེས་བླ་རབས་གཉིས་ཕེབས། སྤྱི་ལོ་ ༡༩༥༥ ནང་ ༧ དཔལ་་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་ནས་༧སྐྱབས་རྗེ་བླ་མ་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་འདི་གའི་དགོན་གྱི་བླ་མར་གཏོང་གནང་མཛད་ཅིང༌། ཁོང་དེར་ཕེབས་རྗེས་ཟླ་ཤས་རྗེས་སུ་དུས་འགྱུར་རིག་གསར་སྐབས་སུ་སྤྱི་མཚུངས་བཞིན་རྩ་བརླགས་སུ་ཕྱིན། ལོ་མང་རྗེས་སུ་སླར་ཆོས་དད་རང་མོས་བྱུང་ནས་༡༩༨༢་ལོར་བླ་མ་ཆོས་ཀྱི་ཉི་མ་རིན་པོ་ཆེ་ཁོང་གི་ཐུགས་བསྐྱེད་མཛད་འཕྲིན་ལས་གཞུང་འབྲེལ་བཀའ་ཁྲོལ་ཐོབ་པ་དང་ཆབ་གཅིག་གདན་ས་འདི་བཞིན་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་ནས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དུ་མཛད་ནས་ད་ལྟ་བར་བདག་ཅག་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་ལྷམ་མེར་བཞུགས་བཞིན་པ་ནས། དེ་རྗེས་ད་ལྟ་བླ་མ་བསྟན་འཛིན་འགྱུར་མེད་དང་། བླ་མ་ཐུབ་བསྟན་ལགས་དང་བླ་མ་ཚུལ་ཁྲིམས་རྒྱལ་མཚན་ལགས་སོགས་ནས་ཉེར་ལྔ་ཚེས་བཅུ་སོགས་དུས་ཀྱི་མཆོད་པ་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཡུན་ནས་ཡུན་དུ་གནས་པ་ལ་ཐུགས་ཁུར་དང་འདུལ་བྱ་འདས་གསོན་རྣམས་ལ་གང་ལ་གང་ཕན་གྱི་འགྲོ་དོན་སྐྱོང་བཞིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་ཕུལ།།