སྐུ་ཚེ་དགོན།

སྐུ་ཚེ་དགོན་འབྲུག་ཐེག་ཆེན་བྱང་ཆུབ་དར་རྒྱས་གླིང་།
དགོན་འདི་བོད་མདོ་ཁམས་སྡེ་དགེ་འཇོ་མདའ་གཏེར་སྟོན་གྲོང་རྡལ་མངའ་འོག་ན་ཡོད་པའི་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་རེད། གདན་ས་འདི་དང་པོ་ཕྱག་བཏབ་ཚུལ་ནི། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁམས་ཀརྨ་བསྟན་འཕེལ་གྱི་སློབ་མ་མཁས་གྲུབ་འགྲན་ཟླ་དང་བྲལ་བ་མང་དུ་བྱོན་པ་ལས་གྲུབ་པའི་གོ་ས་མཐོན་པོར་ཟིན་ཅིང་སྐུ་ཚེ་རི་ཁྲོད་དུ་བཞུགས་པར་གྲགས་པའི་སྐུ་ཚེ་བླ་རྒན་གྱིས་སྒོམ་གྲྭའི་སྡེ་བཙུགས་ནས་གདན་ས་ཐོག་མར་ཕྱག་བཏབ། དགོན་པའི་མཚན་ཡང་སྐུ་ཚེ་དགོན་ཞེས་པ་ཆགས།  སྐུ་ཚེ་བླ་རྒན་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་བརྒྱད་པ་མཆོག་སྤྲུལ་ཆོས་ཀྱི་འབྱུང་གནས་ཀྱི་བར་དུ་སྒྲུབ་པ་གཙོས་བཤད་སྒྲུབ་ལས་གསུམ་གྱིས་གདན་ས་འདི་བསྐྱངས། ཕྱི་ལོ་༡༩༥༩ ལོར་རིག་གནས་གསར་བརྗེ་ཡི་ལས་འགུལ་གྱིས་དགོན་འདིའི་ཡོད་ཚད་གཏོར་བཤིག་བཏང་། སླར་ཡང་༡༩༨༦ཡས་མས་ན་ཆོས་དད་གུ་ཡངས་ཀྱི་རྣམ་པ་ཅུང་ཙམ་ཤར་ནས། ༧རྟོགས་པའི་དབང་ཕྱུག་༧མཆོག་སྤྲུལ་ཆོས་ཀྱི་འབྱུང་གནས་མཆོག་དང་། སྤྲུལ་དཔག་བསམ་རྒྱ་མཚོ། སྤྲུལ་བདེ་ཆེན་འགྱུར་མེད། བླ་རྒན་གུ་གྲགས་སོགས་ཀྱི་གཙོ་འགན་བཞེས་ཏེ། ཚོགས་ཆེན་གཙུག་ལག་ཁང་དང་། སྒྲུབ་སྡེ་ཕྱག་ཆེན་ཨེ་ཝཾ་གླིང་། བཤད་གྲྭའི་ལྷ་ཁང་། གྲྭ་ཤག གཉེར་ཁང་སོགས་རྟེན་དང་བརྟེན་པ་བཅས་སླར་གསོ་ལེགས་པར་མཛད། ཕྱི་ལོ་༢༠༡༡ལོར་བཤད་གྲྭ་བཙུགས། འཛི་སྒར་ལྕི་སྤྲུལ་ལ་གསོལ་བ་བཏབ་པས་མཁན་ཆེན་འཆི་མེད་བཤད་གྲྭའི་མཁན་པོ་གནངས། དགོན་འདིའི་ཉམས་ལེན་གཙོ་བོ་ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ན་རོ་ཆོས་དྲུག སྤྱོད་པ་རོ་སྙོམས་སྐོར་དྲུག འབྲས་བུ་རྟེན་འབྲེལ་རབ་བདུན། ལམ་ཟབ་བླ་མའི་སྒྲུབ་པ་བཅས་ཡིན། ལོ་ཟླ་སྒྲུབ་མཆོད་སྐོར་ནི། གྲུབ་ཆེན་གླིང་རས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་སོགས་གསར་རྙིང་རྒྱུད་སྡེ་རྣམས་རང་ལུགས་ཀྱི་ཆོ་ག་ཕྱག་ལེན་སྔར་སྲོལ་རྣམས་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་མཛད་ནས་བཤད་སྒྲུབ་ལས་ཀྱི་འཁོར་ལོ་དག་ལ་བརྩོན་བཞིན་པའོ།།