བྲག་གྱམ་དགོན།

བྲག་གྱམ་དགོན་ཀརྨ་སྒྲུབ་བརྒྱུད་བསྟན་དར་ཆོས་འཁོར་གླིང་ནི་མངའ་རིས་སྒེར་རྩེ་ལྷོ་མའི་ས་ཆ་བྲག་གྱམ་ཞེས་པར་རྒན་པོ་རིན་ཆེན་རྒྱ་མཚོས་ཡུལ་སྡེའི་མཆོད་གནས་དང་ཁོ་རང་སྒྲིབ་སྦྱོང་གི་ཕྱིར་དུ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལ་བཏབས། དེ་རྗེས་བླ་མ་ཀརྨ་ཡོན་ཏན་མཆོག་ནས་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལ་བྲག་གྱམ་ནས་སག་ཏི་རུ་གནས་སྤོས་ཏེ་སླར་གསོ་མཛད། བླ་རྒན་རིན་པོ་ཆེ་ཀརྨ་ཡོན་ཏན་མཆོག་གིས་ཡར་ཞུ་ཕུལ་བ་བཞིན་མཚུར་ཕུ་དགོན་ནས་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེས་བླ་མ་ཚེ་མགོན་བླ་བསྐོས་གནངས་ཏེ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལ་སྒེར་རྩེ་སག་ཏི་དགོན་དུ་ཕེབས། འདུ་ཁང་དང་མགོན་ཁང་། འཁོར་ཁང་དང་མཆོད་རྟེན་སོགས་གསར་བཞེངས་དང་འབྲེལ་དགེ་འདུན་གྱི་སྡེར་ཡར་རྒྱས་བཏང་། མགོན་ཁང་རྒྱུན་གསོལ་དང་དུས་མཆོད་གསར་འཛུགས། སྒྲུབ་ཁང་གསར་བཞེང་དང་འབྲེལ་བའི་གདན་ས་མཚུར་ཕུའི་ཕྱག་སྲོལ་ལྟར་སྒྲུབ་སྡེ་གསར་འཛུགས་མཛད་དེ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པོ་རྒྱུན་མཐུད་དུ་ཚུགས།  མདོར་ན་དབང་ལུང་ཁྲིད་གསུམ་གྱི་འཆད་ཉན། ལོ་ཟླ་ཚེས་དུས་ཀྱི་མཆོད་པ། ཆོ་ག་ཕྱག་བཞེས། འདོན་རྟ་དབྱངས་རོལ་ཚུན་གདན་ས་མཚུར་ཕུའི་ཕྱག་སྲོལ་ཇི་བཞིན་འཛིན་སྐྱོང་གནང་བར་བླ་གྲྭ་ཡུལ་སྡེ་ཀུན་གྱིས་ཕྱར་བ་གྲུ་འདེགས་བྱས་པར་བརྟེན་སྤོང་ཀློག་གི་སྡེ་གོང་ནས་གོང་དུ་འཕེལ་བཞིན་པ་ལགས་སོ།།