རི་པ་བར་མ་དགོན།

རི་པ་བར་མ་དགོན་བསམ་འགྲུབ་ཆོས་འཁོར་གླིང་ནི། མཚོ་སྔོན་ཞིང་ཆེན། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་། ཕྱི་རུག་ཡུལ་ཚོའི་ཁོངས་སུ་ཡོད། འབའ་རོམ་སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་ནང་ཚན་རྫ་རི་པའི་ཆོས་རྒྱུད་ལས་བྱུང་བ་ཐོག་མར་འབའ་རོམ་བཀའ་རྒྱུད་པ་ཡིན་ལ། ཕྱིས་སུ་ཀཾ་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་སྟེ། གདན་ས་ནི་ལྕི་ཆུའི་ལྷོ་ངོས་ལྗིད་ཆེན་ནོར་བུ་མཆོག་རྒྱལ་གྱི་ཞོལ་དུ་ཆགས་ཡོད། ཆོས་རྒྱུད་གདན་རབས་ཀྱི་བྱོན་ཚུལ་ནི་རི་པ་སྨད་མ་དང་གཅིག་མཚུངས་ཡིན་ཞིང་། ཕྱིས་སུ་འབའ་རོམ་ཆོས་རྗེ་རྣམས་གསུམ་གྱི་ཡ་གྱལ། འབི་ཝད་༼འབྲི་བྱེད༽ཆོས་རྗེ་འམ་བག་ཡོད་སྐུ་ཕྲེང་བཞི་པ་ཀརྨ་ཀུན་བཟང་དབང་ཕྱུག་གི་དུས་སུ་རྩ་བའི་གདན་ས་ལས་ལོགས་སུ་གྱེས་ཏེ། ལྗིད་ཆེན་ཉ་འདྲའི་ལྷས་དྲོན་མ་རུ་དགོན་པ་བཏབ། ༡༩༥༨ལོར་དུས་དབང་གིས་འཇིག །༡༩༩༢ལོར་སྲིད་གཞུང་གིས་ཆོག་མཆན་ཐོབ་རྗེས་དགོན་གནས་ཉམས་གསོའི་མེ་རོ་ཐོག་མར་བསླངས་ཤིང་། འཛིན་སྐྱོང་རིམ་པར་བྱས། ད་ལྟ་བག་ཡོད་རིན་པོ་ཆེ་དང་། བསྟན་པའི་ཉི་མ་རིན་པོ་ཆེ། མཆོག་སྤྲུལ་གསལ་བྱེད་གསར་འཁྲུངས་སོགས་ཀྱིས་གཞིས་བྱེས་གཉིས་ཀྱི་བསྟན་དགོན་ལ་ཉམས་གསོ་དར་སྤེལ་གྱི་ཕྲིན་ལས་སྐྱོང་བཞིན་པའོ། །