སྤོང་ཕུག་དགོན།

༄༅།།དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་ཡོན་ཏན་གྱི་གནས་འདོབ་སྤོང་ཕུག་དགོན་གྱི་
ལོ་རྒྱུས་མདོར་བསྡུས།
འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དུས་གསུམ་མཁྱེན་པའི་གདན་ས་དང་གནས་ཀྱི་གཙོ་བོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ལྔ་ལས། འདོབ་སྤང་ཕུག་ནི་ཀརྨ་པ་དུས་གསུམ་མཁྱེན་པའི་ཡོན་ཏན་ནམ་ཕྲིན་ལས་ཀྱི་གནས་ཞེས་ཡོངས་སུ་གྲགས་ཏེ། ཀུན་གཟིགས་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་འདབ་སྤང་ཕུག་ཕྲིན་ལས་ཀྱི་གནས་སུ་གསུངས། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་འོག་མིན་ཀརྨའི་གནས་བསྟོད་ལས། ཡོན་ཏན་གྱི་གནས་འདབ་སྤང་ཕུག་ཅེས་གསུངས་པ་ལྟར། རྒྱལ་མཆོག་བཅུ་བདུན་པ་ཆེན་པོས་ཀྱང་དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་ཡོན་ཏན་གྱི་གནས་འདོབ་སྤོང་ཕུག་ཅེས་བཀའ་བསྩལ་པ་ལྟར་སྤང་ཕུག་དགོན་པ་ནི་རབ་བྱུང་གསུམ་པའི་ས་གླང་ཕྱི་ལོ་༡༡༦༩ལོར་ཀརྨ་པ་དུས་གསུམ་མཁྱེན་པས་ཕྱག་བཏབ། མཚན་དངོས་སྤོང་ཕུག་ཡིན་ཀྱང་ཕྱིས་སྤང་ཕུག་ཏུ་འགྱུར་བར་སྣང་། འདི་ལ་ལོ་རྒྱུས་འགའ་ཤས་སུ་སྤོམ་ཕུག་དང་ཡང་ཕུག་ཅེས་ཀྱང་བྲིས་འདུག ཆོས་རྗེ་དུས་གསུམ་མཁྱེན་པ་དགོན་འདི་དང་ཀཾ་པོ་གནས་ནང་རྣམས་སུ་ལོ་ངོ་ཉི་ཤུ་ཙམ་བཞུགས་རིང་འདོབ་བྱང་ཆུབ་འོད་ལ་སོགས་པའི་རྟོགས་ལྡན་གྱི་སློབ་མ་མང་དུ་བྱུང་། དངོས་སློབ་འོད་ཆེན་བཞིའི་ཡ་གྱལ་མཐའ་མི་ཚུལ་ཁྲིམས་འོད་ཀྱིས་དགོན་འདིའི་གདན་ས་བསྐྱངས། དེ་ནས་རྒྱལ་དབང་ཀརྨ་པ་སྐུ་རབས་རིམ་བྱོན་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་བསྟན་བདག་མཛད། ཁྱད་པར་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་བདེ་ཆེན་གླིང་དུ་སྒྲུབ་གྲྭ་བཙུགས་ཏེ་ཟླ་བ་གསུམ་འདག་སྦྱར་ལ་བཞུགས། བྲག་སྟེང་དུ་དབྱར་བཞུགས་མཛད། དེའི་དུས་འཇང་ས་ཐམ་རྒྱལ་པོའི་འབུལ་ཞབས་རྒྱ་ཆེར་སླེབས། རྒྱ་ནག་ནས་གོང་མ་ཆིང་ཧྭའི་ལུང་གིས་དབུ་ཞྭ་ཞྭ་ནག་ཁྱད་པར་ཅན་དང་མུ་ཏིག་གི་སྣམ་སྦྱར། གསེར་བྲེ་ཆེན་སོགས་འབུལ་བ་རྒྱ་ཆེར་འབྱོར། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་བྲག་གི་སྟེང་དབྱར་གནས་ཀྱི་གཞིར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་བླ་མ་ན་སོ་བསྐོས་ཤིང་སྒྲུབ་སྡེ་གསར་དུ་མཛད། དེ་ནས་རིམ་གྱིས་སྒྲུབ་པ་རྡོ་རྗེ་རྒྱལ་མཚན་སྐུ་ཚ་རྣམ་གསུམ་སོགས་ཀྱིས་སྒྲུབ་དཔོན་མཛད་ནས་ད་བར་ཟབ་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཉམས་བཞེས་མ་ཉམས་པར་གནས། དགོན་གཞུང་དུ་སྒྲུབ་མཆོད་ཕག་བདེ་རྒྱལ་གསུམ་སོགས་རྒྱུད་སྡེ་བཞིས་གཙོས་པའི་ཀཾ་ཚང་ཐུན་མོང་མ་ཡིན་པའི་ཕྱག་བཞེས་རྒྱུན་ཆགས་སུ་འཚོགས་བཞིན་ཡོད། ཕྱི་ལོ་༢༠༠༧ལོར་དགོན་པའི་བཀའ་ལྟར་རང་དགོན་གྱི་མཁན་པོ་རྣམ་གསུམ་གྱིས་བཤད་གྲྭ་ཀརྨ་ཐུབ་བསྟན་ཉིན་བྱེད་གླིང་གསར་དུ་བཙུགས། ཕྱིས་དཔལ་སྤུངས་སུ་མདོ་སྔགས་རབ་འབྱམས་པ་མཁན་ཆེན་བཀྲ་ཤིས་བདེ་ལེགས་གདན་དྲངས། ལོ་ངོ་བཅུ་གསུམ་ལྷག་གི་རིང་གཞུང་ཆེན་བཀའ་པོད་ལྔ་རིག་གནས་དང་བཅས་པ་མཐར་ཕྱིན། ད་བཞུགས་མཁན་སློབ་བརྒྱ་ཕྲག་གཅིག་ལྷག་གིས་སློབ་གཉེར་བྱེད་དང་བྱེད་མུས་སུ་མཆིས། མདོར་ན་དགོན་འདིར་བླ་གྲྭ་ཉིས་བརྒྱ་ལ་ཉེ་བ་ཙམ་གྱིས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་བ་བཅས་སོ། །

རིག་གསར་སྐབས་རྩ་གཏོར་དུ་བཏང་བའི་གཙུག་ལག་ཁང་གི་རྣམ་པ།
མི་ལོ་ཉི་ཤུའི་ཡར་སྔོན་གྱི་དགོན་པའི་རྣམ་པ།
ད་ལྟའི་དགོན་པའི་མཛེས་ལྗོངས།
༧ཀརྨ་པ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་བརྒྱ་དང་ཉེར་ལྔའི་ཡ་གྱལ་ཞིག
རྒྱ་ནག་གོང་མ་ཆིང་ཧྭའི་ལུང་དང་འཇང་ས་ཐམ་རྒྱལ་པོ་གཉིས་ཀྱི་འབུལ་བ་རྒྱ་ཆེར་འབྱོར་སྐབས་ཀྱི་༧རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཆོས་ཁྲི།
ཧཱུཾ་རང་བྱོན།

རྩམ་པ་རྒྱལ་པོ་ནས།