རྡོ་གཡུ་ཐོག་རྣམ་རྒྱལ་གླིང་དགོན་ཆེན།

གཡུ་ཐོག་དགོན་པ།
༡ མིང་ཚིག མདོ་སྨད་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་རྡོ་གཡུ་ཐོག་རྣམ་རྒྱལ་དགོན་པ་ནི། དཔལ་ཤུལ་རྡོ་སྟོད་དུ་འབོད་པའི་ས་ཆ་ད་ལྟའི་སི་ཁྲོན་རྔ་བ་ཁུལ། ཛཾ་ཐང་རྫོང་ནས་ནུབ་བྱང་མཚམས་སུ་ལེ་བར་ ༥༣ དང་། མཚོ་འཕགས་ ༣༤༠༠ ལྷག་ཡོད་པའི་གནས་དེར་ཆགས་ཤིང་གནས་འདི་དཔལ་འཁོར་ལོ་སྡོམ་པའི་ཐུགས་ཀྱི་གནས་ཡིན་པར་གསུངས། དགོན་འདི་ཕྱག་འདེབས་མཛད་པ་པོ་ནི་ཀྭན་ཏིང་ཏཱའི་སི་ཏུ་བསྟན་པའི་ཉིན་བྱེད་མཆོག་ཡིན་ལ། དེའི་ཚུལ་ནི་ཉིད་ཀྱི་བཀའ་ཤོག་ཕུག་མ་སྦུག་ཐམ་སྦྲགས་མ་ཕྱག་བྲིས་ཕྱག་བསྟར་མ་ལས། ངེད་རང་རྔ་ཆེན་ཆུ་ཁྱི་ལོར་༼ཕྱི་ལོ་ ༡༧༤༢༽ རྒྱལ་རོང་དུ་བསྐྱོད་སྐབས། རྡོ་སྟོད་ནས་དད་འབྱོར་བསོད་ནམས་ཀྱིས་མངོན་པར་མཐོ་བ་དཔོན་བསོད་ནམས་མགོན་པོ་ནས་སྒོ་གསུམ་གུས་པ་ཆེན་པོས་འདི་ཕྱིའི་སྐྱབས་ཡུལ་ཞུས་ཤིང་ཞེས་སོགས་དགོན་པ་འདེབས་པའི་ཞལ་གྲོས་བྱུང་ཚུལ་གསལ་བ་ལྟར་དང་། དེའི་ཕྱིར་ལོ་ཆུ་ཕག་ལོའི་ནག་ཟླའི་ཚེས་ལྔའི་ཉིན་དགོན་ས་དེར་བསང་དང་ས་ཆོག་བུམ་གཏེར་སྦས་པ་སོགས་གནང་སྟེ། སི་ཏུའི་རང་རྣམ་དྲི་བྲལ་ཤེལ་གྱི་མེ་ལོང་ལས། ནག་ཟླའི་ཚེས་ལྔར་གཡུ་ཐོག་ཏུ་དགོན་པ་འདེབས་པའི་སར་བུམ་གཏེར་སྦས། བསང་དང་ས་ཆོག་བྱས་བཏེགས། ཞེས་གསལ་བ་ལྟར་ད་ལྟའི་བར་དུ་ལོ་ ༣༠༠ ལ་ཉེ་བའི་རིང་ལ་ཁྲི་འཛིན་ཆོས་རྗེ་བླ་མ་ཁྲི་རབས་སོ་གཅིག་དང་༼དེའི་ནང་ནས་ཁྲི་འཛིན་བཅོ་བརྒྱད་གདན་ས་དཔལ་སྤུངས་ནས་ཕེབས་པ་ཡིན་༽བཤད་པའི་གཙོ་འཛིན་མཁན་རབས་བཅུ། སྒྲུབ་པ་ཉམས་ལེན་གྱི་གཙོ་སྐྱོང་སྒྲུབ་དཔོན་བླ་མ་ཁྲི་རབས་བཅུ་དང་གཞན་བླ་སྤྲུལ་ཉམས་རྟོགས་མཆོག་མངའ་མང་པོ་བྱོན། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་འདིར་དགོན་འདིའི་བཤད་གྲྭ་དང་སྒྲུབ་གྲྭ་གོང་འོག་ཏུ་བླ་གྲྭ་མང་པོ་བཞུགས་ཏེ་འཆད་ཉན་དང་སྒོམ་སྒྲུབ་གནང་བཞིན་ཡོད། ཆོས་གྲྭ་འདི་དགོན་གཞུང་དང་མགོན་ཁང་དྲུག བཤད་གྲྭ་དང་ཡིག་གྲྭ། སྒྲུབ་སྡེ་གོང་འོག་གཉིས། འཚོ་བྱེད་གླིང་དང་དགེ་བསྙེན་གྱི་སྡེ་བཅས་ཁམས་ཚན་ཆེན་པོ་བརྒྱད་ཀྱིས་གྲུབ་ཡོད། ད་ལྟ་དཔལ་ཤུལ་དཔོན་ཁག་དང་ཨ་སྐྱོང་དཔོན་ཁག་སྟེ་ལྷ་སྡེ་ཤོག་ཆེན་གཉིས་ཀྱི་མཆོད་གཞིས་ཡིན་ལ་གཞུང་གྲྭ་ཁོ་ནའང་བཞི་བརྒྱ་ལྷག་བཞུགས་ཤིང་ཀར་ལུགས་རྒྱུད་སྡེ་བཞི་དང་ཟབ་ལམ་ནཱ་རོ་ཆོས་དྲུག་ཡན་ལག་ཐུན་མིན་ཐུན་མོང་བློ་སྦྱོང་དང་བཅས་པར་ཉམས་ལེན་གནད་སྨིན་དང་། ཀར་ལུགས་ཡིག་ཆ་ཁག་གི་གཙོས་མདོ་སྔགས་རིག་གཞུང་དང་བཅས་པར་འཆད་རྩོད་རྩོམ་གསུམ་རྒྱུན་མི་ཆད་པར་གནང་བ་ནས་དབྱར་གནས་སོགས་དུས་མཆོད་ཁག་ལྔ་ཡོད་པ་ཚང་མ་བརྒྱུད་པའི་ཕྱག་བཞེས་མ་ཉམས་ཁུངས་ལྡན་སྒྲུབ་བཞིན་བཞུགས། ༼རྒྱས་པར་ཤེས་འདོད་ན་རྡོ་གཡུ་ཐོག་དགོན་པའི་གདན་རབས་ལ་གཟིགས་འཚལ།༽

དངུལ་ཆུ་དང་ལྷ་སྲས་ནས།