ཇ་པ་དགོན་ཞབས།

ཇ་དགོན་བདེ་ཆེན་ཉི་གླིང་ནི། མཁས་པའི་དགའ་སྟོན་ལས། མདོ་ཁམས་ཟལ་མོ་སྒང་དུ་བསྟན་པའི་གཙོ་བོར་བཀའ་བརྒྱུད་བླ་མས་བསྐོར་བ་རིང་དུ་གཟིགས། འཆམ་ལ་ཁ་ལ་སོགས་པར་བྱོན་གསུངས་པ་ལྟར་༧རྒྱལ་དབང་བདུན་པ་ཆོས་གྲགས་རྒྱ་མཚོ་དགུང་ལོ་དགུ་པ་ཆུ་རྟ་ལོར་ནང་ཆེན་སུ་བྱོན། ཧོར་ཟླ་བརྒྱད་པའི་ནང་འཆམ་ལ་ཁར་བྱོན་ཏེ་གནས་ལ་བྱིན་རླབས་མཛད། དུས་གང་འཚམས་སོང་བ་ན།ཇ་པ་དགོན་གྱི་གདན་ས་འདེབས་པའི་ཕྱིར་བྱ་བཏང་ཐར་པ་རྒྱལ་མཚན་མཁན་སློབ་ཟུང་ལ། ༧ཀརྨ་པ་ཆོས་གྲགས་རྒྱ་མཚོས་ལུང་བསྟན་བཅས་ཆོས་སྐལ་དུ་ཁྲོས་མ་ནག་མོའི་ཆོས་སྐོར་དང་རྟེན་གསུམ་གྱི་གནང་སྦྱིན་མཛད་དེ་ཁམས་ཕྱོགས་སུ་བཏང་། ནང་ཆེན་དུ་ཕེབས་ཏེ་འཆམ་ལའི་ཇ་པ་བྲག་ཏུ་དུས་རབས་བཅོ་ལྔ་པའི་སྤྱི་ལོ་༡༤༦༩ལོར་གདན་ས་བཏབ། གནས་ཀྱི་མིང་ལས་ཇ་པ་དགོན་བདེ་ཆེན་ཉི་མ་གླིང་ཞེས་ཆགས། བླ་མ་གཉིས་བྲག་རིའི་སྟོད་དུ་དང་། བྲག་རིའི་ཟུར་དུ་སློབ་ཚོགས་རྣམས་བཞུགས་པས་དགོན་ཁ་ཞབས་གཉིས་བྱུང་། རིམ་པར་འཇང་གྲྭ་བླ་དགུར་གྲགས་པའི་མཆོག་གི་སྤྲུལ་པའི་སྐུ་དགུ་དང་། གྲུབ་བརྙེས་ཀྱི་རྟོགས་ལྡན་བཅུ་གསུམ་སོགས་གྲུབ་པའི་སྐྱེས་བུ་བར་མ་ཆད་པར་བྱོན། དུས་རབས་བཅུ་བདུན་པའི་༡༦༦༤ལོར་དགོན་ཞབས་མའི་གཙུག་ལག་ཁང་ལ་རྦབ་ཕོག་ནས་ཕྱོགས་གཅིག་བཤིག །ཡོངས་དགེ་མི་འགྱུར་རྡོ་རྗེ་ལ་བཀའ་བརྟག་ཞུས་དོན་བཞིན་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ས་དཔྱད་གཟིགས་ཤིང་ས་འདུལ་མཛད་དེ་དགོན་ཞབས་མ་ད་ལྟའི་དགོན་གནས་འདིར་སྤོས་པས་མཚན་ལ་ཇ་པ་དགོན་ཞབས་ཞེས་ཐོགས། སྤྱི་ལོ་༡༩༦༢ ལོར་གངས་ལྗོངས་རྒྱལ་བསྟན་སྤྱི་ལྟར་གདན་ས་འདི་ཡང་རྩ་མེད་དུ་གཏོར། སྤྱི་ལོ་༡༩༧༨ལོར་༧སྐྱབས་རྗེ་སངས་རྒྱས་བསྟན་འཛིན་བཙོན་གྲོལ་བྱུང་བ་དང་སྔ་མའི་དགོན་ཤུལ་དུ་ཕེབས་ཏེ་ཆོས་སྒོ་གསར་དུ་ཕྱེ་བའི་རྟེན་འབྲེལ་དང་རིམ་གྲོར་ཕུར་པའི་སྒྲུབ་ཆེན་བཙུགས། ༡༩༨༠ལོར་གཙུག་ལག་ཁང་སླར་གསོ་མཛད་པར་༧རྒྱལ་དབང་བཅུ་དྲུག་པས་ཐུགས་སྨོན་དང་རབ་གནས་གསུང་འཕྲིན་གནང་། ༡༩༨༡ལོར་རྒྱ་ཆེན་བཀའ་མཛོད་གནང་བ་ནས་བཟུང་གསར་རྙིང་བཀའ་གཏེར་གྱི་དབང་ཁྲིད་གདམས་པ་ཐང་མར་བརྡལ་ཏེ་ཡང་དར་བསྟན་པའི་མགོ་ཁུངས་ལྟ་བུར་གྱུར། ༡༩༨༣ལོར་སྒྲུབ་སྡེ་བསམ་གཏན་གླིང་ཉམས་གསོ་མཛད། ༡༩༩༥ལོར་བཤད་གྲྭ་གསར་འཛུགས་གནང་། དུས་མཆོད་རྣམས་སླར་གསོ་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་སུ་བཞུགས་པའོ། །

ཀརྨ་པ་ཆོས་གྲགས་རྒྱ་མཆོས་ལུང་བསྟན་པའི་གནས་ཇ་པ་དགོན་སྔོན་གྱི་ཆགས་ས།
གསེར་གདུང་ཁང་།
ཇ་དགོན་ཆོས་གྲྭ་དྭགས་བསྟན་ཉིན་བྱེད་གླིང་།
ཇ་དགོན་སྒྲུབ་སྡེ་བསམ་གཏན་གླིང་།
གཏེར་གསར་སྒྲུབ་སྡེ་སྐུ་གསུམ་ཡང་གསང་རིག་འཛིན་གླིང་།
ཇ་དགོན་དཀོན་མཆོག་སྤྱི་འདུས་སྒྲུབ་ཁང་།
ཇ་དགོན་སློབ་ཆུང་ཤེས་རིག་དགའ་ཚལ།

ཁམས་ནང་ཆེན་ཇ་པ་དགོན་པའི་དབེན་གནས་དང་། རི་ཁྲོད་རྣམས་ཕྱོགས་གཅིག་ཏུ་བསྡུས་པ།

ཇ་དགོན་ཕྱགས་ཆེན་དབེན་ཁྲོད།
བཀྲ་ཤིས་དར་ཐང་དགོན།
དབེན་གནས་མཐོང་མགོ་དགོན།
ཕུན་ཚོགས་རྣམ་རྒྱལ་གླིང་།
དྷ་རི་དགོན།
བཀའ་བརྒྱུད་བསླབ་གསུམ་གླིང་།
རྣལ་འབྱོར་སྒྲུབ་ཕུག