ཚ་བ་ཀོ་ཧོ་དགོན།

མདོ་ཁམས་ཚ་བ་སྒང་ཀོ་ཧོ་དགོན།
འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས་འདིར་བོད་མདོ་ཁམས་སྒང་དྲུག་གི་ཡ་རྒྱལ་མདོ་སྟོད་ས་ཡི་ཐིག་ལེ་ལྷོ་ཚ་བ་སྒང་ཞེས་པའི་གནས་མཆོག་དགེ་བཅུ་དཔལ་འབྱོར་རྒྱས་ས། ༧ དཔལ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ལུང་གིས་ཟིན་པའི་གནས་འདིར་དུས་རབས་བཅོ་ལྔ་པའི་ཕྱི་ལོ་ ༡༨༨༣ ལ་མཁྱེན་ཀོང་མཆོག་གསུམ་གྱི་སློབ་ཆེན་ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་དགོན་སྡེ་འདི་ཉིད་ཕྱག་བཏབ། ཀོ་ཧོ་དགོན་ཐུབ་བསྟན་དཔལ་འབར་བཀྲིས་ཆོས་གླིང་དགོན་ཞེས་མཚན་གནས་བསྩལ། སྐབས་དེར་འདུས་པ་བརྒྱ་ཕྲག་ལྷག་ཙམ་ལ་ཤེར་ཕྱིན་འབུམ་པ་དང་འཇམ་དཔལ་མཚན་བརྗོད་སོགས་ཀྱི་ལྗགས་ལུང་བསྩལ། སྨན་རྩིས་སོགས་ཀྱི་བཤད་པ་རྒྱ་ཆེར་གནང་། ས་ག་ཟླ་བ་སྙུང་གནས་བཙུགས་པ་དང་ཐུགས་སྒྲུབ་རྣམ་གསུམ་གྱི་སྒྲུབ་ཆེན་འཚོག་རྒྱུའི་སྲོལ་གཏོད། དཔའ་ཤོད་དགོན་པའི་ལོ་ཐོ་ཕབ་པ་དང་། སྟོན་མ་དཔོན་ཚང་གིས་ལོ་དུ་མར་སྟོན་མའི་ལོ་ཐོ་ཞེས་ཕབ་པ་དང་། འདི་ཕྱོགས་ལ་སྨན་རྩིས་སོགས་རིག་གནས་ཅུང་ཟད་དར་ཁྱབ་ཡོད་པ་ནི་ ༧ དཔལ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཡོངས་འཛིན་ཆེན་པོ་མཁས་མཆོག་ ༧ ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན། ནཱ་རོ་ཆོས་དྲུག་གི་སྒྲུབ་སྡེ་བཙུགས་ཏེ་སྒྲུབ་ཐེང་ལྔ་ཙམ་བྱུང་། དེ་ནས་དུས་འགྱུར་ལ་བརྟེན་ནས་ཉམས་ཆག་ཕྱིན། ཕྱིས་སུ་སླར་གསོ་བྱས་ཏེ་སྒྲུབ་གྲྭ་དང་བཤད་གྲྭ་གསར་དུ་འཛུགས། དགོན་འདི་ཡི་སློབ་གཉེར་རྣམ་པས་རྩོད་རྒྱུགས་དང་བློ་རྒྱུགས་སོགས་ཀྱི་སྐོར་ལ་བཀའ་བརྒྱུད་དགུན་ཆོས་སྐབས་སུ་གཟེངས་བསྟོད་དང་ལེགས་སྐྱེས་གང་མང་གནང་མྱོང་ཡོད། དགོན་འདི་ཉིད་ད་ལྟའི་གནས་ཡུལ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཀོ་ཆེན་སྡེ་བའི་ཁོང་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༤༧༠ཙམ་གྱི་སར་གནས་ཡོད་དོ། །