གདན་ས་མཐིལ།

གདན་ས་མཐིལ་ནི། བོད་ལྗོངས་ལྷོ་ཁ། ཟངས་རི་རྫོངས་ཁོངས་། མཐར་རྩའི་གྲོང་མདར་ཕྱི་ལོ་༡༡༥༨ ལོར་འགྲོ་མགོན་ཕག་མོ་གྲུ་པས་ཕྱག་བཏབ་གནང་མཛད། ཐེག་ཆེན་གླིང་དང་། འཕེལ་རྒྱས་གླིང་། མཛད་རྒྱས་གླིང་བཅས་གྲྭ་ཚང་གསུམ་དང་། ཚོགས་ཆེན་གཅིག གཞན་ཡང་ཤར་གླིང་བརྒྱ་དང་ནུབ་གླིང་སྟོང་ཞེས་དགེ་འདུན་ཁྲི་ཁྲག་བཅོ་བརྒྱད་དང་། གདུགས་ཐོག་པའི་བླ་མ་ལྔ་བརྒྱ་ཙམ་བར་འཕེལ་རྒྱས་བྱུང་། དགོན་པ་འདི་ནི་ཕག་གྲུ་བཀའ་བརྒྱུད་ཀྱི་གདན་ས་དང་། འབྲི་འབྲུག་སྟག་ལུང་སོགས་ཀྱི་མ་དགོན་ཡང་ཡིན། དེ་རྗེས་ཕྱི་ལོ༡༣༥༤ལོར་ཕག་གྲུ་སི་ཏུ་བྱང་ཆུབ་རྒྱལ་མཚན་སྐབས་བོད་ཁམས་དབང་དུ་བསྒྱུར། དུས་ཕྱིས་གདན་ས་འདི་རྒྱལ་བ་འབྲི་གུང་པའི་གདན་རབས་བསྐྱངས་དང་སྐྱོང་བཞིན་པ་ཡིན། ད་ལྟ་གྲྭ་ཚང་འཕེལ་རྒྱས་གླིང་ཉམས་གསོ་ཞུས་པའི་ནང་ལ་མ་ཎི་རང་བྱོན་དང་། ཕག་གྲུའི་བཞུགས་ཁྲི། ཚོགས་ཆེན་ལྟག་གི་ཕག་གྲུའི་གཟིམ་སྦུག་ནང་གསར་དུ་བཞེངས་པའི་ཕག་གྲུའི་སྐུ་འདྲ་སོགས་མཇལ་རྒྱུ་ཡོད།