དིལ་ཡག་དགོན།

དཔལ་དིལ་ཡག་དགོན་ནི། སྤྱི་ལོ་ ༡༨༣༩ ལོ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ལོར། མཁན་ཆེན་ཟླ་བཟང་ངེས་དོན་བསྟན་པ་རབ་རྒྱས་མཆོག་དང་ས་བཅུ་རྡོ་རྗེ་སྙིང་པོ་རྣམ་གཉིས་ཀྱིས་ཕྱག་བཏབས། དེ་ཡང་དིལ་ཡག་ཟླ་ས་རྣམ་གཉིས་ཏེ། སི་ཏུ་པདྨ་ཉིན་བྱེད་མཆོག་གིས་བདག་རྐྱེན་ལས་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་སུ་འཁོར་ལོ་གསུམ་གྱིམཛད་པ་དང་། ལྷག་པར་དུ་ ༧ རྗེ་པདྨ་ཉིན་བྱེད་དབང་པོ་ཞལ་སྔ་ནས་མཁན་ཆེན་ཟླ་བཟང་མཆོག་སོར་ཐར་སྡོམ་རྒྱུན་གྱི་བསྟན་པའི་བདག་པོར་མངའ་གསོལ། རྗེ་སི་ཏུ་པདྨ་ཉིན་བྱེད་བཀའ་དགོངས་བཞིན་གདན་ས་བར་པ་ཀརྨ་དགོན་གྱི་བསྟན་བདག་ཏུ་ཞབས་སོར་བཀོད། མཆོག་གྱུར་གླིང་པས་ལུང་བསྟན་ལྟར་དུ་དིལ་ཡག་དགོན་པ་ཕྱག་བཏབས། ཟླ་བཟང་ངེས་དོན་ཆོས་ཀྱི་རྒྱལ་མཚན་སྐབས་ནས་དགོན་པ་རྒྱ་སྐྱེད། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལོ་གཅིག་མ་ཟིན་ཙམ་བཞུགས། དེ་རྗེས་རྒྱལ་མཆོག་རིག་པའི་རྡོ་རྗེ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལྷན་དུ་དགོན་དེ་ཉིད་དུ་ཞབས་པད་མངོན་པར་བཀོད་ནས་རྒྱལ་བ་ཡབ་སྲས་ཟུང་གིས་ཟབ་ལམ་ནཱ་རོ་ཆོས་དྲུག་གི་བཀའ་བབས་བྱིན་བརླབས་བརྒྱུད་པ་ཐུན་མོང་མིན་པའི་སྒྲུབ་གནས་ཁྱད་པར་ཅན་གྱི་དགོན་སྡེ་ཞིག་ཡིན་ཞེས་རྡོ་རྗེས་གསུང་གིས་དབུགས་དབྱུང་ཡང་ཡང་མཛད་པ་ལྟར། ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཉམས་བཞེས་མཛད་པའི་སློབ་ཚོགས་ཀྱི་འབྱུང་གནས་སུ་གྱུར་བའི་སྒྲུབ་བརྒྱུད་རིང་ལུགས་འཛིན་པ་ཀུན་གྱི་གཙུག་བརྒྱན་ལྟ་བུར་གྱུར་པའི་དགོན་སྡེ་ཞིག་རེད།