ཇ་དགོན་འགྲོ་ཕན་ཀུན་ཁྱབ་གླིང་།

ཇ་དགོན་འགྲོ་ཕན་ཀུན་ཁྱབ་གླིང་ནི། བཀའ་དྲིན་མཚུངས་མེད་སྐྱབས་གཅིག་བླ་མ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སྤྱི་ལོ་2001ལོར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་། ནང་ཆེན་རྫོང་མཁར་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འཚོགས་ཁང་འགྲོ་ཕན་ཀུན་ཁྱབ་གླིང་གི་གཙུག་ལག་ཁང་གསར་བཞེངས་ཀྱི་སྟ་གོན་བཟོ་བཀོད་དང་འཆར་གཞི་སོགས་ཇ་དགོན་གྱི་རྒྱུན་ལས་གྲྭ་རྒན་རིམ་རྣམས་ལ་ཞལ་ཏ་དང་ཞལ་ཆེམས་བཞག་གནང་སྟེ་སྤྱི་ལོ་2002ལོརལོ་དེར་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་སྐུ་ཞི་བར་གཤེགས།
མཛད་འཕྲིན་གྱི་ལྷག་མ་ཤུལ་ལུས་སློབ་འབངས་དག་གིས་བསྐྱངས་ནས་གཙུག་ལག་ཁང་གི་ཕྱི་ནང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གནང་གྲུབ་པ་དང་། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་འགྲོ་ཕན་ཀུན་ཁྱབ་གླིང་ཞེས་མཚན་བསྩལ་གནང་མཛད། བླ་རྒན་རིན་པོ་ཆེ་མཆོག་ནས་གཙུག་ཁང་འདི་ཉིད་ནི་ནང་ཆེན་སྡེ་དགོན་ཡུལ་མི་ཚང་མས་ཆོས་ཀྱི་མཛད་སྒོ་སྤེལ་བའི་ས་ཚིགས་ཡིན་གསུང་པ་བཞིན།  སྡེ་དགོན་ཡུལ་མི།  རུ་ཆེན་གྲོང་ཚོ་རུ་ཚོགས་དུད་ཚང་བཅས་ཀྱིས་སྤྱི་རིམ་དང་བདེ་རིམ་དགེ་རྩ་དགོངས་རྫོགས་སོགས་འཚོགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱུན་ཆགས་སུ་སྐོར་བཞིན་པའི་སྐབས་དེར། སྤྱི་ལོ་2018ལོར་གཙུག་ལག་ཁང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ལ་མེ་སྐྱོན་བྱུང་སྟེ་ཕྱི་ཡི་འཁོར་ཡུག་དང་མཚོན་མདངས་ཉམས་པ་དང་བསྐོར་ལམ་རྒྱ་ཆུང་ཞིང་ཇོ་འཁོར་རྩགས་དམའ་བ་སོགས་ཀྱིས་ཡང་བསྐྱར་ཞིག་གསོ་མ་བྱས་ཐབས་མེད་དུ་གྱུར། བླ་མ་དཔལ་སྦྱིན་མཆོག་དང་ཇ་དགོན་གནས་ཡོད་མི་སྣས་སྣེ་ཁྲིད་འོག་བླ་མའི་བཀའ་དགོངས་ཇི་བཞིན་རང་གཞན་ཀུན་གྱི་དད་པའི་རྟེན་དུ་དམིགས་ཏེ་གཙུག་ལག་ཁང་འདི་ཉིད་ཉམས་གསོ་སྐབས་སྔར་ལས་ལྷག་པའི་་རྟེན་ཕྱི་ཡི་བཟོ་བཀོད་བརྟེན་པ་སྐུ་གསུང་ཐུགས་རྟེན་བཅས་གང་དགེའི་ལེགས་པར་གྲུབ་སྟེ་ད་ཆར་ནང་ཆེན་ཡུལ་གྱི་ཆོས་ཀྱི་བྱེད་སྒོ་སྤེལ་སའི་བསྟི་གནས་ལྟ་བུར་གྱུར་ཡོད།