ལྷོ་ལུང་དཀར་དགོན།

ལྷོ་ལུང་དཀར་དགོན་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་ནི། མདོ་ཁམས་འབྲོང་ཡུལ་ལྕི་ལྗོངས་གསེར་མོ་ལུང་དུ་ཆགས་པའི་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཞིག་ཡིན་ལ། དེང་གི་ཡུལ་ཤུལ་རྫ་སྟོད་རྫོང་གི་ལྷོ་ཕྱོགས་སྤྱི་ལེ་ལྔ་བཅུ་ལྷག་གི་སར་ཆགས་ཡོད། ཐོག་མའི་བྱུང་ཁུངས་ནི། དཔལ་རྒྱལ་བ་འབྲི་གུང་པའི་བསྟན་པའི་ཀ་ཆེན་ལྷོ་མགར་གཉིས་ལས་ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་གྱི་གདན་ས་ལྷོ་མི་གཡེལ་དགོན་ནས་ཟུར་དུ་གྱེས་པ་ཞིག་སྟེ། ལྷོ་གྲུབ་ཆེན་ཏིང་བཟང་པོས་རབ་བྱུང་བཅུ་གསུམ་པ་ས་ཕོ་རྟ། ཕྱི་ལོ༡༧༩༨ལོར་ཕྱག་བཏབས། དགོན་འདིར་ལྷོ་ནུས་ལྡན་རྡོ་རྗེ་ནས་བླ་རབས་གསུམ་གྱི་རིང་ལ་དར་རྒྱས་ཅུང་ཆེ་ཞིང་། སྒྲུབ་སྡེ་འོད་གསལ་མཆོག་གྲུབ་གླིང་དང་། ཡང་ཁྲོད་དཔལ་རིའི་སྒྲུབ་གྲྭ། རྫ་ལུང་དགེ་དགོན་བསམ་གཏན་དར་རྒྱས་གླིང་བཅས་སུ། ཕ་ཆོས་ལྔ་ལྡན། ནཱ་རོ་ཆོས་དྲུག ལམ་ཟབ་བླ་སྒྲུབ་ཀྱི་བསྐྱེད་རྫོགས། དགོངས་པ་ཡང་ཟབ། གཤིན་རྗེའི་ཟླ་གསང་། ཟབ་མོ་གཅོད་ཡུལ། རང་གཏེར་ཐུགས་སྒྲུབ་བདེ་ཆེན་སྙིང་པོ་སོགས་ཀྱི་བསྐྱེད་རྫོགས་སྙིང་པོའི་ཉམས་ལེན་རྒྱུན་ཆགས་སུ་གནས་ཤིང་། བར་ལམ་དུས་ཟིང་སྐབས་རྟེན་དང་བརྟེན་པ་རྩ་བརླགས་སུ་སོང་ནས་མིང་གི་ལྷག་མ་ཙམ་དུ་གྱུར་ཅིང་། ད་ཆར་བཤད་གྲྭ་འཇམ་དབྱངས་དགའ་ཚལ་གླིང་དང་། དཔལ་རིའི་སྒྲུབ་སྡེ་གསང་སྔགས་མཆོག་གྲུབ་གླིང་། དགོན་གཞུང་རྣམ་སྣང་སྤྲུལ་པའི་གཙུག་ལག་ཁང་སོགས་བཤད་སྒྲུབ་གཞུང་གསུམ་རྟེན་དང་བརྟེན་པ་སྔར་ལས་མི་དམན་པ་ཉམས་གསོ་གྲུབ་ཅིང་གཞི་བྱེས་བླ་སྤྲུལ་མཁན་སློབ་རྣམ་པས་རང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའོ། །