བཤམས་མགུ་དགོན།

ས་གནས་ཡུལ་ཤུལ་ཁུལ། ཡུལ་ཤུལ་གྲོང་ཁྱེར། དཔལ་ཐང་ཤང་། ཞམ་མགུ་སྡེ་བའི་ནང་ཚན་དུ་འདུས་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་སྡེ་ཞིག་སྟེ། ༧ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་དངོས་སློབ་རྒྱལ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་རབ་བྱུང་ལྔ་པའི་ས་མོ་ཕག་གི་ལོ་སྤྱི་ལོ་༡༢༩༩ ལོ་ཕྱག་བཏབས་གནོངས་ཤིང་། དཔལ་བཤམས་མགུ་བཀྲ་ཤིས་ལྷུན་གྲུབ་དགའ་ཚལ་ངེས་དོན་ཆོས་གླིང་ཞེས་མཚན་གསོལ། སྔ་རྗེས་སུ་༧རྒྱལ་དབང་ཞྭ་དམར་ནག་དང་༧སི་ཏུ་ཆོས་འབྱུང་། འབེ་ལོ་ཚེ་དབང་ཀུན་ཁྱབ་སོགས་ཀྱིས་འབྱོན་བཞུགས་གཟིགས་སྐྱོང་མཛད་མྱོང་བར་མ་ཚད། ལྷག་པར་ཏུ་༧ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་གཟིགས་སྐྱོང་ཆེ་བཞེས་ཀྱི་སྐུ་དངོས་ཀྱི་ཕྱག་བཟོ་མ་མགོན་ཡབ་ཡུམ་དང་འཁོར་ལྔ་སོགས་སྐུ་གསུམ་ཐུགས་རྟེན་དུ་མ་ཞིག་བཞུགས་ན་ཡང་། སྟབས་མ་ལེགས་པས། བབ་སྐབས་ཞིག་ནས་སོག་རྟ་ཁྲབ་ཅན་གྱི་དགོན་འདིར་གཏོར་སྐྱོན་དང་། ཡང་༡༩༥༨དང་༡༩༥༩བར་ལ་དགོན་འདི་ཕལ་ཆེར་སྟོང་ལ་ཉེ་བར་ཆགས་ན་ཡང་། ༡༩༨༣ནས་༧མཆོག་སྤྲུལ་ཨ་གྲོ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པ་མཆོག་གིས་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས། འདུལ་ཁང་ཆེ་ཆུང་གསུམ། ལོ་གསུམ་ཕྱོགས་གསུམ་གྱི་ནཱ་རོ་ཆོས་དྲུག་གི་སྒྲུབ་ཁང་། མགོན་ཁང་ལྔ། གནས་བཅུ་རིག་པའི་དགའ་ཚལ་བཤད་གྲྭ། གདན་ས་རུམ་སྟེགས་ཆོས་འཁོར་གླིང་གི་མཐོང་རྒྱུན་ཕྱག་བཞེས་ལྟར་མ་ལུགས་རྒྱུད་སྡེ་གཙོ་གྲས་ཕག་བདེ་རྒྱལ་གསུམ་སོགས་ཀྱི་སྒྲུབ་མཆོད་ཉིན་གྲངས་༢༨༩ཙམ་ལ་ཚོགས་རྒྱུ་ཡོད་པ་སོགས་ལོ་བདུན་བརྒྱ་ཙམ་གྱི་ལོ་རྒྱུས་ཀྱིས་གྲུབ་པའི་དགོན་པ་ཞིག་གོ །

default