སྨན་ཆུ་དགོན།

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འཛིན་པའི་བཙུན་མའི་དགོན་པ་ཞིག་ཡིན། ས་གནས་རྫ་སྟོད་རྫོང་གྲོང་ནུབ་ཕྱོགས་ལེ་བར་བཅུ་གཉིས་ཀྱི་འཚམས་སུ་ཡོད། དེ་ཡང་སྔོན་རྫ་ཤཱཀྱ་རྡོ་རྗེའི་སྲས་རི་པའི་ཡང་དག་དང་རི་པའི་ཆོས་འཛིན་དབང་པོ་གཉིས་ཀྱིས་སྨན་ཆུ་གཞུང་ཞེས་པའི་ས་ཆ་རུ་རབ་བྱུང་བཅུ་པའི་ནང་ནས་གྲྭ་དགོན་དང་ཇོ་དགོན་གཉིས་ཕྱག་བཏབས། རབ་བྱུང་བཅུ་གཅིག་པའི་ནང་ནས་སོག་དམག་གིས་འཇིགས། གྲྭ་དགོན་རི་པ་སྟོད་མ་དགོན་ཞེས་པ་ལྕི་གཞུང་དུ་གནས་སྤོས། ཇོ་དགོན་ཤུལ་ཏུ་ལྷག །དེ་དག་རྒྱས་པ་རི་པ་སྟོད་མ་དགོན་གྱི་ལོ་རྒྱུས་སུ་གསལ། དེ་ནས་དར་གུད་སྣ་ཚོགས་བྱུང་ནས་མཐར་ཕྱི་ལོ་༡༩༥༨ལོར་དུས་དབང་གིས་འཇིག །༡༩༩༥ལོར་གོང་རིམ་གྱིས་སླར་གསོའི་ཆོག་མཆན་ཐོབ་པ་དང་གཟུ་རུ་དགོན་པའི་སྒྲུབ་བླ་སྐལ་བཟང་ཕྲིན་ལས་ཀྱིས་སྐུ་ཚེགས་འོ་རྒྱལ་དཔེ་མེད་གནང་ནས་སླར་གསོ་མཛད། རྒྱུན་ཏུ་དགོན་པའི་སྒྲུབ་མཆོད་སྐབས་སུ་གཟུ་རུ་དགོན་པས་ཐུགས་འགན་གནང་སྟེ་གཏོར་མ་བཅའ་གཤམས་མཛད་ནས། རྡོ་རྗེ་སློབ་དཔོན་དང་དབུ་མཛད། མཆོད་དཔོན་སོགས་བཏང་སྟེ་འཚོགས་བཞིན་ཡོད། དགོན་པ་འདིར་སྒྲུབ་ཁང་དང་། བཙུན་མ་རྣམས་རྒྱུན་ཏུ་སློབ་གཉེར་གནང་སའི་ཁོར་ཡུག་བཅས་ལེགས་པོ་ཡོད་དོ། །