གཏེར་སྒར་དགོན།

དཔལ་གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་།

དགོན་པ་འདི་ཉིད་༧ གཏེར་ཆེན། ཡོན་དགེ་མི་འགྱུར་རྡོ་རྗེས་དུས་རབས་བཅུ་བདུན་པའི་ནང་དུ་ཐོག་མར་སྦྲ་དགོན་མཛད་ནས། ཕྱིས་གཙུག་ལག་ཁང་གསར་བཞེངས་ཀྱིས་དངོས་སུ་གདན་ས་བཏབ། དགོན་པ་འདི་ཡི་ས་བབ་ནི་རྒྱ་མཚོའི་ངོས་ནས་སྨི་ ༤༡༠༠ ཙམ་ཡོད་པའི། འཇོ་མདའ་རྫོང་ཁོངས། གཏེར་སྟོན་ཡུལ་ཚོའི། ནུབ་བྱང་སྤྱི་ལེ་ ༦.༦ གི་མཚམས་སུ་ཆགས་ཡོད།
དགོན་འདི་ཀཾ་ཚང་བཀའ་རྒྱུད་གི་ཁོངས་གཏོགས་དང་། ལྷག་པར་དུ་མཐོང་བ་བརྒྱུད་པའི་ཕྱག་ལེན་ཕལ་ཆེར་དཔལ་སྤུངས་དགོན་པའི་ཕྱག་བཞེས་ལྟར་མཛད་ཀྱི་ཡོད། དགོན་འདིར་སྒྲུབ་ཁང་གོང་འོག་གཉིས་དང་། བཤད་གྲྭ་དགོན་གཞུང་བཅས་ཡོད། སྒྲུབ་ཁང་གོང་མ་པདྨ་སེང་རྫོང་ནི་མི་འགྱུར་རྡོ་རྗེའི་གཏེར་ཆོས་གྲོ་ལོད་རྩ་གསུམ་རྣམས་ཀྱིས་མཚོན་ཡོན་དགེའི་ཆོས་སྐོར་སོགས་ཉམས་བཞེས་མཛད་ས་ཡིན། སྒྲུབ་ཁང་འོག་མ་བཀྲ་ཤིས་ཆོས་རྫོང་ནི། བཀའ་བརྒྱུད་པའི་སྙན་བརྒྱུད་ཀྱི་རྒྱུད་སྡེ་རྣམས་དང་ཆོས་དྲུག་ཕྱག་ཆེན་སོགས་ཀྱི་ཉམས་ལེན་མཛད་ས་ཡིན་ལ། ད་དུང་གཏེར་སྒར་ལ་བཙུན་མའི་སྡེ་དང་། རྣ་ལུང་བཀྲ་ཤིས་དགོན་ཅེས་པའི་བུ་དགོན་ཞིག་ཀྱང་ཡོད། དུས་འགྱུར་རྗེས་བཙུན་དགོན་བསྐྱར་བཞེངས་གྲུབ་མེད་ཀྱང་། སྤྱི་ཡི་ཆ་ནས་བཤད་སྒྲུབ་གཉིས་ཆའི་ཕྱོགས་ནས་སླར་གསོ་ཅུང་ཙམ་བྱུང་ཡོད།