འདམ་དཀར་དགོན།

འདམ་དཀར་ལྷུན་གྲུབ་བདེ་ཆེན་ཆོས་འཁོར་གླིང་།
ཁམས་སྟོད་ཡུལ་ཤུལ་སྐྱེ་རྒུ་མདོའི་མངའ་ཁོངས་སུ་ཆགས་ཡོད། རབ་བྱུང་གསུམ་པའི་སྨད་ཙམ་ཕྱི་ལོ་༡༡༨༩ ཡས་མས་སུ་ཕྱག་བཏབ། ཆོས་བརྒྱུད་ཀརྨ་བཀའ་བརྒྱུད་ཡིན། དགོན་པ་འདི་ཕྱག་འདེབས་པ་པོ་ནི། ཀརྨ་པ་དུས་གསུམ་མཁྱེན་པའི་ཐུགས་སྲས་རྫུ་འཕྲུལ་གྱི་བཀའ་བབས་འབར་ཚ་སྟག་རྡེལ་གྱིས་ཕྱག་བཏབ། དེའང་རྗེ་དུས་གསུམ་མཁྱེན་པས་སྒ་ཡུལ་རྩལ་ཤིས་ཁོག་གི་གྱེ་རེ་བྲག་རྒོད་ཚང་དཀར་མོ་སྒྲུབ་པ་སྙིང་པོ་གྱིས་ལ་ཕྱོགས་དེར་གདན་ས་ཐོབས་ཞེས་ལུང་བསྟན་བཞིན་འོག་ཏུ་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་དང་སྟེང་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ་བའི་གནས་མཆོག་དེའི་དབུས་ས་གཞི་ཡངས་ཤིང་ཁོད་སྙོམས་པའི་ཕྱག་མཐིལ་དུ་ཡིད་བཞིན་ནོར་བུ་ལྟར་བུ་འདོད་འཇོའི་བྲག་ཅེས་པའི་ཕ་བོང་དེའི་རྩ་བར་འདམ་དཀར་པོ་འོ་མའི་ཉིང་ཁུར་འདྲ་བ་ཞིག་ཆགས་ཡོད་པས་དགོན་པའི་མཚན་ལའང་འདམ་དཀར་ཞེས་གསོལ།
འདམ་དཀར་དགོན་ལ་ད་ལྟ་གདན་ས་གོང་འོག་གཉིས་ཡོད། གདན་ས་གོང་མ་ནི་སྔོན་གྲུབ་པའི་དབང་ཕྱུག་འབར་ཚ་སྟག་རྡེལ་གྱིས་རབ་བྱུང་གསུམ་པའི་ནང་སྐོར་ཙམ་དུ་ཕྱག་བཏབ་པའི་འདམ་དཀར་དགོན་པ་རྙིང་པ་འདི་ཡིན། ཐོག་མར་ཕྱག་བཏབ་ནས་ད་ལྟའི་ཕྱི་ལོ་༢༠༢༠ལོའི་བར་ལོ་དགུ་བརྒྱ་ལ་ཉེར་བར་སོང་ཡོད། གདན་ས་འོག་མ་ནི་ འཆི་མེད་གྲུབ་པའི་དབང་པོ་སྐུ་ཕྲེང་གསུམ་པ་པ་སངས་རིན་པོ་ཆེེ་དང་། དྭགས་བརྒྱུད་བསྟན་པའི་གསལ་བྱེད་༧ དུལ་མོ་སྐུ་ཕྲེང་བཅོ་བརྒྱད་པ་ཀརྨ་བཤད་སྒྲུབ་ཕྲིན་ལས་བསྟན་འཛིན་དཔལ་བཟང་མཆོག་ནས་ཕྱི་ལོ་༢༠༡༠ལོར་ཡུལ་ཤུལ་ས་ཡོམ་ཆེན་པོ་བྱུང་བའི་རྗེས་སུ་གདན་ས་གོང་མ་དེ་གནས་སྤར་ནས་ཇ་མགོ་གོང་མ་རུ་དུལ་མོ་སྐུ་ཕྲེང་བཅོ་བརྒྱད་པ་ཀརྨ་བཤད་སྒྲུབ་ཕྲིན་ལས་བསྟན་འཛིན་དཔལ་བཟང་པོས་ཕྱག་བཏབ་ཅིང་། རིམ་གྱིས་གཙུག་ལག་ཁང་ཆོས་འཛིན་སྤྲུལ་བའི་ལྷ་ཁང་རྟེན་གཙོ་སངས་རྒྱས་རབ་བདུན་གྱི་སྐུ་བརྙན། སྒྲུབ་ཁང་གཏུམ་མོ་འོད་གསལ་གླིང་དང་། རིག་འཛིན་རྩ་གསུམ་གླིང་། བཤད་གྲྭ་དྭགས་བསྟན་ཐོས་བསམ་གླིང་། མགོན་ཁང་། ཀ་བཞི་ལུང་བསྟན་ཕུག སྲི་ཟློག་མཆོད་རྟེན་ཆེན་མོ། མི་ལའི་སྲས་མཁར་དགུ་ཐོག་སོགས་རྟེན་དང་བརྟེན་པར་བཅས་གསར་བཞེངས་གནང་། ཆོས་མཛོད་པར་ཁང་ཆེན་མོའི་ནང་དུ་དཔལ་སྤུངས་སུ་བཞུགས་པའི་ཆོ་ག་ཆོས་སྤྱོད་ཀྱི་དཔེ་ཆ་ཚང་ཤིང་པར་གསར་བཞེངས་གནང་།
སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་ཤོག།