དཔལ་སྤུངས་བཙུན་དགོན།

དཔལ་སྤུངས་བཙུན་དགོན་ཐེག་གསུམ་དགེ་འཕེལ་གླིང་ནི། སྔོན་གནས་འདིར་གྲུབ་ཐོབ་ཕྱ་ཐུལ་པ་ཡུན་རིང་བཞུགས་ཏེ་བྱིན་གྱིས་བརླབས་པ་དང་། དཔལ་སྤུངས་གདན་སའི་མཁན་པོ་སྒོ་རུ་ཀརྨ་འཇམ་དཔལ་སོགས་ཀྱིས་གནས་འདིའི་མདུན་ངོས་དཀར་ཟེ་སྒྲུབ་ཕུག་ཏུ་བསྙེན་སྒྲུབ་ཡུན་རིང་མཛད། སྤྱི་ལོ་༢༠༠༩ལོར་དཔལ་སྤུངས་གདན་སའི་མཁན་ཆེན་རྡོ་རྗེ་འཆང་ཀུན་གཟིགས་དོན་ཀུན་གྲུབ་པ་མཆོག་གིས་བཙུན་དགོན་འདི་ཕྱག་བཏབ། བཙུན་མ་དག་གིས་སུམ་རྟགས་དག་གསུམ་དང་། བྲིས་སྙན་ངག །ཐུན་མིན་མདོ་དང་སྔགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ལ་འཆད་ཉན་སྒོམ་སྒྲུབ་གནད་སྨིན་གནང་བཞིན་པ་ལགས།