དཔལ་ཆེན་རྒྭ་ལོ་དགོན་མཁའ་སྤྱོད་ཐར་པའི་གླིང་།

དཔལ་ཆེན་རྒྭ་ལོ་དགོན་མཁའ་སྤྱོད་ཐར་པའི་གླིང་ནི་སྤྱི་ལོའི་དུས་རབས་ ༡༢ པའི་ནང་རྒྭ་ལོ་ཙཱ་བ་སྐུ་ཕྲེང་དང་པོས་ཕྱག་བཏབ་གནང་མཛད་པའི་བཀའ་གདམས་པའི་གྲྭ་དགོན་ཞིག་ཡིན་ ༡༧༡༦ ལོར་སོག་པོ་ཇུན་གར་གྱི་དཔུང་དམག་བོད་ཀྱི་ས་གནས་འདམ་གཞུང་དུ་སླེབས་ཏེ་དགོན་གཞིས་རྩ་གཏོར་བཏང་ནས་དགེ་འདུན་པ་རྣམས་ཁ་འཐོར་བཏང་ཞིང་ནང་བསྟན་དངོས་རྫས་དང་བཅས་པ་མིང་གི་ལྷག་མ་ཙམ་དུ་བཟོས། སྤྱི་ལོ་ ༡༧༢༠ ཡས་མས་མཚམས་སུ་མཁའ་འགྲོ་མ་མཐར་ཕྱིན་དབང་མོ་གཙོས་རིམ་བཞིན་གྲུབ་པ་བརྙེས་པའི་མཁའ་འགྲོ་མ་བདུན་གནས་འདིར་བཞུགས་ཤིང་སྒྲུབ་པ་མཛད་པ་ནས་བཟུང་མཁའ་འགྲོ་མ་དེ་རྣམས་ཀྱི་ཐུགས་བསྐྱེད་སྐྱ་རེངས་གསལ་བའི་འོད་སྣང་གི་བཀའ་དྲིན་འོག་རྗེས་འཇུག་བཙུན་མ་མང་པོ་ཞིག་བྱུང་ཞིང་དཔལ་ཆེན་རྒྭ་ལོ་དགོན་གྱི་གནས་གཞིས་ཉམས་གསོ་མཛད་ཅིང་སྒྲུབ་བརྒྱུད་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་བཙུན་དགོན་ཞིག་ཏུ་གྱུར་ཡོད། ད་ལྟའི་གྲུབ་མཐའ་ཡང་བཀའ་བརྒྱུད་ཡིན།