ཟུར་མང་བདུད་རྩི་འཁྱིལ་དགོན།

ཟུར་མང་བཀའ་བརྒྱུད་ཀྱི་གདན་ས་གཉིས་པ་བདུད་རྩི་འཁྱིལ་དགོན་པ།
ཡུལ་ཤུལ་ཁུལ་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ་༡༡༥མཚམས་སུ་ཡོད། མདུན་རྒྱབ་ཀྱི་རི་ལ་བདེ་ཕག་ཐབས་ཤེས་ཟུང་འཇུག་རང་བྱོན་དངོས་སུ་ཡོད་པའི་དཀྱིལ་དུ། རབ་བྱུང་བདུན་པའི་སྨད་ལྷུན་གྲུབ་དཔལ་གྱི་གདན་ས་དབུ་ཚུགས་པའི་མཚམས་དྲུང་ཀུན་དགའ་རྒྱལ་མཚན་གྱིས་དགོན་ས་བཏབ། དེ་ནས་ཟུར་མང་དྲུང་པ་རིན་པོ་ཆེ། རོལ་པ་རྡོ་རྗེ། ཆེ་ཚང་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་མཁན་སློབ་བརྒྱུད་པ་དང་བཅས་པས་ཟུར་མང་སྙན་བརྒྱུད་ཆ་ལག་དང་བཅས་པ་ཐོས་བསམ་སྒོམ་གསུམ། བཤད་སྒྲུབ་ལས་གསུམ་གྱིས་ཉམས་ལེན་གནང་སྟེ། དགེ་འདུན་པ་བརྒྱ་ནས་བདུན་བརྒྱའི་བར་འཕེལ་འགྲིབ་ཅི་རིགས་ཀྱིས་དར་གུད་བྱུང་མྱོང་བའི་བཀའ་བརྒྱུད་ཟུར་ལུགས་ཀྱི་དགོན་པ་ཞིག་གོ །སྔོན་དུས་སུ་སྙན་བརྒྱུད་གཙོས་པའི་སྒྲུབ་ཁག་དགུ། བཤད་གྲྭ། ཟུར་མང་ཚོགས་གར་ཆེན་མོ་དང་། ཕག་བདེ་རྒྱལ་གསུམ། དབྱར་གནས་གཙོས་པའི་དུས་མཆོད་ཉི་ཤུ་རྩ་ལྔ་ལ་ཉིན་ཚོགས་ཉིས་བརྒྱ་ལྷག་ཡོད།དེང་སྐབས་ཟུར་མང་ཚོགས་གར་ཆེན་མོ་དང་། ཕག་བདེ་རྒྱལ་གསུམ་གཙོས་པའི་ཉིན་ཚོགས་བརྒྱ་ལྷག །སྙན་བརྒྱུད་གཙོས་པའི་སྒྲུབ་གྲྭ་ལྔ་དང་། བཤད་གྲྭ་དང་བཙུན་དགོན་ཡང་སླར་གསོ་བྱུང་ཡོད། བདུད་རྩི་ཀརྨ་རིག་འཛིན་ནས།