གཟུ་རུ་དགོན།

ཁམས་དགེ་རྒྱལ་གཟུ་རུ་ཐུབ་བསྟན་བཀྲ་ཤིས་ཆོས་འཁོར་གླིང་ཞེས་པའི་ཆོས་གྲྭ་འདི་ནི། དགེ་རྒྱལ་རྫ་སྟོད་རྫོང་གྲོང་གི་མཐིལ་དུ་ཡོད། དེ་ཡང་གདན་ས་སྔ་ཕྱི་གཉིས་ཀྱི་དང་པོ་ནི། བོད་ལྗོངས་ཆབ་མདོའི་ས་ཁུལ་ཚེ་དབད་ཤང་ཨོཾ་མདའ་སྒང་ཁང་རྙ་གྲོང་ཚོ་རུ། ད་ལྟའང་ས་ཆ་དེར་གདན་ས་སྔ་མ་གཟུ་རུ་དགོན་པའི་དགོན་ཤུལ་གྱང་རུལ་སོགས་ཡོད་ས་དེར། སྔོན་དུས་རབ་བཅུ་གཉིས་པའི་སྨད་ཙམ་ན་གཟུ་རུ་རས་ཕྱག་བཏབས། གཟུ་རུ་རས་པའི་སྐུ་ཕྲེང་བདུན་པའི་སྐབས་སོག་པོས་དམག་གིས་གཡུལ་གཤོམ་ནས་ཁམས་བེ་རུ་དོན་ཡོད་རྒྱལ་པོ་བཅོམ་སྐབས་སོག་དམག་གིས་གཏོར། ཕྱི་ལོ་༡༦༤༠ཐམ་པ་ལོར་ཡས་མས་གདན་ས་འདི་ཕྱག་བཏབས། སྔར་ལས་ལྷག་པའི་དགེ་འདུན་པའི་སྡེ་རྒྱས་ནས་བླ་རབས་མང་པོ་སོང་། ཡང་༡༩༥༨ལོར་དུས་དབང་གིས་འཇིགས། ༡༩༨༣ལོར་ཡང་དར་བསྟན་པའི་མེ་རོ་གསོས། དེ་ནས་བཟུང་དགེ་འདུན་པ་སྤྱི་ནས་ཁ་སེམས་གཅིག་མཐུན་གྱིས་ཕྱི་ཡི་འཛུགས་བསྐྲུན་ལ། རིག་དངོས་གཙུག་ལག་ཁང་ཞིག་གསོ་དང་། དགོན་གཞུང་ཚོམས་ཆེན་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་གསར་དུ་བཞེངས། དཔེ་མཛོད་ཁང་དང་། གཤམ་སྟོན་ཁང་། སྒྲུབ་ཁང་དྭགས་བརྒྱུད་ངེས་དོན་དགའ་ཚལ་གླིང་དང་། བཤད་གྲྭ་དཔལ་དམ་ཆོས་མདོ་སྔགས་ལུང་རིགས་དགའ་ཚལ་གླིང་། ཁྲི་ཤོང་ཆོས་ར་ཆེན་མོ་སོགས་གསར་གཞེངས་མཛད་པ་མ་ཟད། རྒྱུན་ཏུ་དགེ་འདུན་པ་རྣམས་ལ་དུས་གསུམ་གྱི་ཞལ་ཟས་འབུལ་བ་སོགས་ཕྱི་ཡི་འཛུགས་བསྐྲུན་དང་། དགེ་འདུན་རྣམས་ནང་གི་སྒྲིག་ཁྲིམས། བསླབ་པ་སློབ་གཉེར། སྒོམ་ཉམས་ལེན་གང་ས་སྤྱིའི་ཐད་ནས་མཚན་ཉིད་ཚང་བའི་ཆོས་སྡེ་ཞིག་ཏུ་གྱུར། དགེ་འབྲོང་གི་ཡུལ་གྲུ་འདིར་ལོ་རྒྱུས་ཐོག་ཆོས་ལུགས་ཀྱི་མཛད་སྒོ་ཆེས་ཆེ་བ་ཐེངས་དང་པོ་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེངས་ཆེན་མོ་ཐེངས་བཅུ་དྲུག་པ་དེ་ཉིད་ཆོས་གྲྭ་འདིར་༢༠༡༩ལོར་འཚོགས་ཏེ། དགེ་འདུན་སློབ་གཉེར་པ་སུམ་སྟོང་ལྷག་གིས་རྒྱུག་སྤྲོད་སོགས་ཟབ་རྒྱས་ངང་མཇུག་ལེགས་པར་གྲུབ་པ་བཅས་སོ།།