ཚེས་བཅུ་དགོན།

༊ ནང་ཆེན་སྒར་ཚེས་བཅུ་དགོན་འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་ནི། ནང་ཆེན་རྒྱལ་པོ་རྒྱལ་རབས་རིམ་བྱོན་གྱི་རྒྱལ་ས་དང་།དོན་བརྒྱུད་དཔལ་ལྡན་འབྲུག་པའི་གདན་ས་ཆེན་མོ་འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་གཉིས་ཟུང་དུ་གནས་པ་སྟེ།ནང་ཆེན་རྒྱལ་རབས་ཉེར་གཉིས་པ་རྡོ་རྗེ་ཚེ་དབང་སྲུང་གི་དུས་ཕྱི་ལོ་༡༧༢༤ལོར་ནང་ཆེན་རྒྱལ་པོའི་རྒྱལ་ས་ཆགས་ཤིང་།ནང་ཆེན་རྒྱལ་རབས་ཉེར་ལྔ་པ་བསོད་ནམས་ཆོས་འཕེལ་གྱི་སྲས་འཁྲུལ་ཞིག་པ་སྐུ་ཕྲེང་ལྔ་པ་༧ནང་ཆེན་ཨ་ལྡེའུ་དཔལ་ལྡན་འགྱུར་མེད་ཀྱི་དུས་ཕྱི་ལོ་༡༨༡༨ལོར་འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་ཕྱག་བཏབ།དེ་ནས་བཟུང་ཕྱི་ལོ་༡༩༥༨ལོའི་བར་མདོ་སྟོད་ཉེར་ལྔ་ཡོངས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ལྟེ་བ་རུ་གྱུར།དེའང་གླིང་སྟོད་དུ་ཚེས་བཅུ་གྲྭ་ཚང་གི་བཤད་སྒྲུབ་ཀྱི་སྡེ་ཆགས་ཤིང་།བསྟན་བདག་བླ་མ་ནང་ཆེན་སྐྱབས་མགོན་༧ཨ་ལྡེའུ་རིན་པོ་ཆེ་སྐུ་ཕྲེང་དགུ་དང་།གྲུབ་དབང་ཚོགས་གཉིས་སྐུ་ཕྲེང་གསུམ།ཡང་དབེན་མཁན་ཆེན་སྐུ་ཕྲེང་བཅུ་གསུམ་བཅས་བླ་ཁག་གསུམ་དང་།ད་ལྟ་གྲྭ་གྲངས་བརྒྱ་དང་དགུ་བཅུ་ནང་སྐོར་ཡོད།ཕྱི་ལོ་༡༩༥༨ལོ་ནས་བཟུང་ཉམས་རྒུད་དུ་སོང་ཞིང་།རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྟེན་དང་བརྟེན་པར་བཅས་པ་རྩ་གཏོར་དུ་སོང་།ཡང་དར་བསྟན་པའི་དབུ་བརྙེས་སྐབས་ནང་ཆེན་ཨ་ལྡེའུ་གྲུབ་རིགས་ཁྱུ་མཆོག་རིན་པོ་ཆེའི་བསྐྱར་གསོ་མཛད་པ་ལ། བརྒྱུད་པ་གྲྭ་ཚང་༼དགོན་གཞུང་༽དང་།སྡོམ་གསུམ་གྲྭ་ཚང་༼བཤད་གྲྭ་༽སྒོམ་པ་གྲྭ་ཚང་༼ནཱ་རོའི་ཆོས་དྲུག་གི་སྒྲུབ་སྡེ་༽བཅས་གྲྭ་ཚང་གསུམ་ཡོད་ཅིང་།ད་དུང་སྒོམ་པ་གྲྭ་ཚང་གི་ཡན་ལག་བླ་རྫོའི་ལམ་ཟབ་ཟླ་བཞི་མའི་སྒྲུབ་སྡེ་དང་བླ་མ་སྐུ་བཞི་སྒྲུབ་སྡེ། ཁྲ་ཆེན་ཤོག་གི་ཕྱག་ཆེན་སྒྲུབ་སྡེ།ཡར་འཁྱིལ་སྒྲུབ་སྡེ་བཅས་ཡོད། ཆོས་སྡེ་ཆེན་པོ་འདི་ཉིད་འབྲུག་པ་དཀར་བརྒྱུད་རང་ལུགས་ཀྱི་རྒྱུད་སྡེའི་ཕྱག་བཞེས་དང་སྒོམ་སྒྲུབ་འཆད་ཉན་སོགས་སུ་མ་ཟད།རྙིང་མ་སྨིན་ལུགས་དང་གཏེར་གསར་སོགས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་སོགས་ཀྱང་དཔེར་འོས་པ་བཞུགས་ཡོད