རྟ་རྣའི་བཙུན་དགོན།

རྟ་རྣའི་བཙུན་དགོན་བཀྲ་ཤིས་དུང་དཀར་ཆོས་གླིང་ནི། ཡེལ་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན་ལ། རབ་བྱུང་བཅུ་གཅིག་པའི་སྔོན་ནས་ཀྱང་བཙུན་མའི་ཆོས་སྡེ་འདི་རྟ་རྣ་དགོན་གྱི་གཡོན་ཕྱོགས་དགེ་དགོན་ཤོག་ཏུ་ཡོད་ཅིང་བཙུན་དགོན་ཆགས་པའི་ཁང་ཤུལ་གྲངས་མང་བ་ད་ལྟ་ཡང་མཐོང་རྒྱུ་ཡོད། དེ་ནས་མངྒ་ལཀྵའི་སྐུ་དུས་སུ་བཙུན་མ་བཞི་ཙམ་མ་གཏོགས་འདུག་མི་ཆོག་པར་གྱུར་ཏེ་ཡུན་རིང་པོར་ཤིན་ཏུ་ཉག་ཕྲ་བར་གྱུར། དེ་ལྟ་ན་ཡང་དེང་དུས་སུ་སྐྱ་ཤོག་བླ་མ་ནོར་བུ་རྒྱལ་མཚན་དང་། དཔང་བླ་མ་ཀརྨ་ཆོས་འགྲུབ་རྣམ་གཉིས་ཀྱི་བཀའ་དྲིན་དང་བདག་རྐྱེན་ལ་བརྟེན་ནས་ཕོམ་ཉེ་དུང་དཀར་གྱི་ཞོལ་དུ་སྒྲུབ་སྡེ་དང་། བྲག་སེར་ཐང་དུ་བཙུན་མའི་ཆོས་སྡེ་གསར་དུ་བཙུགས་ཤིང་། དགེ་འདུན་གྱི་སྡེ་རྣམས་ལ་བཤད་དང་སྒྲུབ་པའི་མཛད་བཟང་སྐྱོང་བཞིན་བཞུགས་པའོ།།
གནས་ཡུལ་བྱང་རྟ་རྣ་དགོན་གྱི་གཡོན་ཕྱོགས་སུ་ལེ་བར་གཉིས་ཙམ་གྱི་ས་ཆར་ཡོད།