འཇང་རི་སྨུག་པོའི་དགོན།

༄༅། །འཇང་རི་སྨུག་པོའི་དགོན་ནི། ( ༡ )

དེ་ཡང་ཡུན་ནན་ཞིང་ཆེན་འཇང་ཡུལ་ས་ཐམ་གྲོང་ཁྱེར་ (云南省丽江市)དེའི་ལྷོའི་ཕྱོགས་སར། ལེ་བར་༧ཙམ་ཡོད་པའི་གནས་ཆེན་འཇང་རི་སྨུག་པོ་ཞེས་པའི་གནས་སུ་ཡོད། དེ་ཡང་དགོན་པ་དང་སྒྲུབ་ཁང་གཉིས་ལས། དང་པོ་དགོན་པ་ནི་སྤྱི་ལོ (1727) ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་དགོན་ས་བཏབ་སྟེ། མཚན་གསང་སྔགས་དགའ་ཚལ་གླིང་ཞེས་གསོལ། རྒྱ་སྐད་ལ་文峰寺ཟེར། དགེ་འདུན་སུམ་བརྒྱ་ལྷག་ཙམ་འདུས་པའི་འཇང་དགོན་ཆེན་བཅུ་གསུམ་གྱི་ཡར་གྱལ་ཀམ་ཚང་གི་ཆོས་སྡེ་ཆེན་པོ་ཞིག་ཏུ་གྱུར། དེ་ནས་བཟུང་འཇང་སྐྱབས་མགོན་དྲུང་པ་རིན་པོ་ཆེ་ནས་བསྟན་པའི་བདག་པོ་མཛད། ད་ལྟ་ཡང་རིན་པོ་ཆེ་ཉིད་ཀྱིས་དབུ་འཛིན་འོག ཆོས་རྗེ་སྒྲུབ་དཔོན་སྦྱིན་པ་རྒྱ་མཚོས་ཐུགས་འགན་ཁུར་ཏེ་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་རྒྱ་ཆེར་མཛད་ནས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བསྟན་པ་དར་རྒྱས་སུ་འགྲོ་བཞིན་པ་ལགས། གནས་ཆེན་འཇང་རི་སྨུག་པོ་འདི་སྔོན་ཀརྨ་པཀྴི་འཇང་ཡུལ་དུ་ཕེབས་སྐབས་གནས་ཁྱད་པར་དུ་འཕགས་པ་ཞིག་ཡིན་གསུངས། གཞན་རྒྱལ་བ་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་བརླབས་ཚུལ་ཅུང་ཟད་འོག་ཏུ་སྒྲུབ་ཁང་སྐབས་སུ་ཤེས་ལ། གནས་རི་དེའི་རྩེ་མོ་ཟུར་གསུམ་མདུང་རྩེ་གནམ་དུ་འཕྱོ་བ་ལྟ་བུ་མཐོ་ཞིང་བརྗིད་ཆགས་ལ་ལྟ་ན་སྡུག་པ། ཕྱོགས་ཀུན་ནས་ལྗོན་ཤིང་སྣ་ཚོགས་ཀྱིས་ཕྱུར་བུར་གཏམས་ཤིང་དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་མེད་པར་མེ་ཏོག་གི་རིགས་འདྲ་མིན་མང་པོ་དྲི་ངད་ལྡང་བ་དང་། བྱ་བྱིའུ་དང་རི་དྭགས་དུ་མས་སྐད་སྙན་འབྱིན་ཞིང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ལྷུང་ལྷུང་འབབ་ནས་འོག་ཏུ་མཚོ་མོ་གཡུ་འཁྱིལ་དང་བསྡོམས་པ། གནས་དེ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གཙོས་པའི་འབངས་རྒྱལ་བློན་འཁོར་བཅས་ཀྱི་སྐྱེས་ལྷ་དང་གཞི་བདག་ཡིན་པ། དེའི་ཤར་ཀྱི་རི་བརྒྱུད་དག་རྒྱ་ནག་རི་བོ་བྱ་རྐང་དང་འབྲེལ་བ་། ལྷོ་རུ་གནས་མཆོག་ཁ་བ་དཀར་པོ། ནུབ་ཏུ་གཡུ་འབྲུག་གངས་རི། བྱང་དུ་སེངྒེ་དཀར་མོ་རི་བརྒྱུད་དང་འབྲེལ་ཡོད། གནས་དེར་ཉན་ཐོས་འོད་སྲུང་གི་གནས་ཡིན་པར་གྲགས་པའི་བྲག་རི་ཞིག་བཞུགས། དེ་ལ་དགྲ་བཅོམ་པ་ལྔ་བརྒྱའི་སྐུ་འདྲ་དངོས་སུ་མཇལ་རྒྱུ་ཡོད། བྲག་རི་དེའི་སྐེད་ལ་རྡོ་རིང་ལྡེ་མིག་འདྲ་བ་ཞེས་རི་བོ་བྱང་རྐང་གི་གནས་སྒོའི་ལྡེ་མིག་ཏུ་གྲགས་པ་ཡང་དེར་བཞུགས། ཡང་མདུན་དུ་འཇང་གི་གྲོང་ཚོ་ཞིག་ན་ཇ་ཆུར་གྲགས་པའི་ཀརྨ་པའི་གཏེར་ཆུ་ཞིག་ཡོད། རྫོང་དུ་འཇང་གྲོང་ཚོ་ཞིག་ན་ཀརྨ་པས་བཞེངས་པའི་མཆོད་རྟེན་ཞིག་ཀྱང་བཞུགས། ད་དུང་ཤོག་ཆེན་ (鹤庆) ཞེས་པའི་གྲོང་ཁྱེར་དུ་ཨ་རག་གི་ཆུར་གྲགས་པའི་ཡང་ཀརྨ་པའི་གཏེར་ཆུ་ཞིག་ཡོད། མདོར་ན་ཀརྨ་པ་གཙོས་པའི་རྒྱལ་བ་ཡབ་སྲས་རྣམས་ཡུལ་དེར་འབྲེལ་བ་དང་མཛད་རྗེས་ཤིན་ཏུ་རྒྱ་ཆེ་བས། རྒྱས་པ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཡབ་སྲས་རྣམས་ཀྱི་རྣམ་ཐར་དག་ལས་གསལ་ལོ།། །།

གཉིས་པ། གནས་ཆེན་འཇང་རི་སྨུག་པོའི་སྒྲུབ་ཁང་སྤྲོ་བདེ་བཀྲ་ཤིས་སྒང་ནི། ( ༢ )

དེ་ཡང་སྒྲུབ་ཕུག་འདི་སྔོན་ཀརྨ་པ་མི་བསྐྱོད་རྡོ་རྗེ་འཇང་ས་ཐམ་རྒྱལ་པོས་གདན་དྲངས་སྐབས་རྡོ་རྗེ་ཕག་མོའི་གནས་ཡིན་པར་གསུངས་པ་དང་། ཡང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཡང་ས་ཐམ་དུ་ཕེབས་སྐབས་རྡོ་རྗེ་ཕག་མོའི་གནས་ཡིན་པར་གཟིགས་ནས། སྐུ་མཚམས་ལོ་གྲངས་གཞུགས་ནས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པས་གནས་བྱིན་བརླབས་ཅན་ཡིན་པར་ཞལ་གྱིས་བཞེས། རྗེས་སུ་སི་ཏུ་པན་ཆེན་ཆོས་ཀྱི་འབྱུང་གནས་ཁོང་། སྒྲུབ་གནས་འདིར་ཐེངས་གསུམ་ཕེབས་པ་ལས་ཐོག་མར་སྐབས། སྤྱི་ལོ (1727) ལོོར་འཁོར་ལོ་བདེ་མཆོག་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་གནས་ཀྱི་ཡོན་ཏན་གཟིགས་ནས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་ཁང་དངོས་སུ་དབུ་བཙུགས་ཏེ་མཚན་སྤྲོ་བདེ་བཀྲ་ཤིས་སྒང་ཞེས་གསོལ། རྒྱ་སྐད་ལ་金刚亥母灵洞 ཟེར། དམ་པ་ཉིད་ཀྱང་སྐུ་མཚམས་ལ་བཞུགས་པས་འཁོར་ལོ་བདེ་མཆོག་དངོས་སུ་ཞལ་གཟིགས་བྱུང་བ་སོགས་སྤང་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངོན་དུ་གྱུར་ནས་འཛམ་གླིང་གནས་ཆེན་ཉེར་བཞི་དང་དབྱེ་བ་མེད་པའི་སྒྲུབ་གནས་བྱིན་བརླབས་ཅན་ཡིན་པར་གསུངས། དེ་སྐབས་དྲུང་པ་ནམ་མཁའ་རྒྱལ་མཚན་སྒྲུབ་དཔོན་མངའ་གསོལ་ནས་ཀ྆་ཚང་གི་སྒྲུབ་ཁང་ཐོག་མ་ཡིན་གསུངས་སྲོལ་ཡོད། དེ་ནས་བཟུང་རྒྱ་བོད་ཧོར་གསུམ་སྤྱི་དང་། ཁྱད་པར་འཇང་སྟོད་སྨད་བར་གསུམ་གྱི་དགོན་ཆེན་བཅུ་གསུམ་དང་། དགོན་ཆུང་བརྒྱ་ཕྲག་དུ་མ། འཇང་རྒྱལ་བློན་མི་དམངས་འཁོར་བཅས་ཀྱི་སྒྲུབ་སྡེ་ཆེན་པོ་གཙོ་བོར་གྱུར། སྒྲུབ་ཐེངས་རེ་ལ་སྒྲུབ་སློབ་ཉེར་ལྔ་བཅས་ཆད་མ་མྱོང་བར་ཡིན་པས། སྒྲུབ་བསྒྱུད་ཀརྨ་ཀམ་ཚང་གི་བསྟན་པ་རིང་ལུགས་དྲི་མ་མེད་པར་འཛིན་པའི་སྒྲུབ་སྡེ་ཆེན་པོ་ཞེས་རྒྱལ་ཕྱི་ནང་ཀུན་ཏུ་སྙན་པར་གྲགས། མདོར་ན་ཀརྨ་པ་དང་། ཞྭ་དམར། སི་ཏུ། རྒྱལ་ཚབ་བཅས་ཀྱི་ཞབས་ཀྱིས་བཅག་པ་དང་། ཁྱད་པར་དུ་ཤར་ནོར་དྲུང་པ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་རྣམས་བསྟན་པའི་བདག་པོར་མཛད་ནས་མདོ་སྔགས་ཀྱི་བསྟན་པ་ཡར་ངོའི་ཟླ་ལྟར་རྒྱས། ད་ལྟ་ཡང་རིན་པོ་ཆེ་མཆོག་གིས་གཟིགས་སྐྱོང་འོག ཆོས་རྗེ་སྒྲུབ་དཔོན་རིན་པོ་ཆེ་སྦྱིན་པ་རྒྱ་མཚོས་ཐུགས་ཁུར་བཞེས་ནས་སྒྲུབ་ཁང་གི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་གནང་སྟེ། ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་ཁང་ཡང་དངོས་སུ་དབུ་བཙུགས་ནས་ད་ལྟ་སྒྲུབ་ཐེངས་གསུམ་པ་ཡིན། སྒྲུབ་ཁང་དུ་ཀམ་ཚང་གི་རྒྱུད་སྡེ་ཁག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ། ཐབས་ལམ་ནཱ་རོ་ཆོས་དྲུག་རྣམས་ལ་ཉམས་ལེན་གཙོ་བོར་མཛད་བཞིན་པ་བཅས་སོ། །རྒྱས་པ་ནི་སི་ཏུ་ཆོས་འབྱུང་སོགས་ཀྱི་རྣམ་ཐར་དག་ལས་གཟིགས་པར་ཞུས་དགེའོ།། །།