སྒ་ལྷ་ཁང་དགོན།

སྒ་ལྷ་ཁང་བཀྲ་ཤིས་འོད་གསལ་གླིང་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་དཔལ་མཉམ་མེད་འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་བཟང་འཛིན་པ་ཁམས་ཀརྨ་བརྟེན་འཕེལ་གྱི་དངོས་སློབ་འབྲུག་པ་བརྩོན་འགྲུས་རྒྱ་མཚོ་ཞེས་མཁྱེན་རབ་ཀྱི་དབང་ཕྱུག་ཅིང་ཉམས་རྟོགས་ཀྱི་ཀློང་རྡོལ་ཞིང་གྲུབ་པའི་གོ་འཕང་མཐོན་པོ་གཤེགས་པ་དེ་ཉིད་ཀྱིས་ཕྱག་བཏབ་པར་གྲགས་ཤིང་མ་ཟད་བཤད་སྒྲུབ་ཆོས་ཀྱི་ཉི་མའི་སྐུ་ཡི་སྤྲུལ་པ་རིམ་བྱོན་གྱི་དགོན་འདིར་དར་རྒྱས་ཕུན་སུམ་ཚོགས་པ་མཛད་པའོ། །རྟེན་གཙོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་བཞུགས་པ་ནི་ཐོག་མར་གནས་དེར་གུ་རུས་ཟླ་གསུམ་སྒྲུབ་པ་བསྐྱེད་པའི་སྒྲུབ་ཕུག་དང་། སྟེང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གཟིམ་ཕུག། ཤར་ངོས་སུ་གུ་རུ་ཇོ་རྩེའི་གཟིམ་ཕུག་སོགས་ཡོད། སྐུ་ཚབ་སྡེ་ལྔ་ཞེས་གུ་རུ་དངོས་དང་ཁྱད་མེད་པའི་སྐུ་འདྲ་ལྔ་ཡིན་ལ། དེ་གནས་ཆེན་ལྔར་གཏེར་དུ་སྦས་པ་ལ་སྐུ་ཚབ་གཏེར་ལྔར་གྲགས་པ་ཡིན་ཏེ། དེ་ཡང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྐུ་འདྲ་ཁྱད་པར་དུ་འཕགས་པ་སྐུའི་རྟེན་དེ་ཉིད་མཁའ་རི་གངས་ཀྱི་བསམ་འགྲུབ་ཏུ་སྦས། བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྐུ་འདྲ་སིནྡྷུ་རས་བྱུག་པ། གསུང་གི་རྟེན་དེ་ཉིད་མོན་ཁ་སེང་གེ་བསམ་འགྲུབ་ཏུ་སྦས། འཁར་བ་ནག་པོ་ལས་བཞེངས་པའི་སྐུ་འདྲ་ཐུགས་ཀྱི་རྟེན་དེ་ཉིད་རྟ་མགྲིན་བྲག་ཁུང་གི་བསམ་འགྲུབ་ཕུག་པ་སྦས། རིན་པོ་ཆེ་གསེར་ལས་གྲུབ་པའི་སྐུ་འདྲ་ཡོན་ཏན་གྱི་རྟེན་དེ་ཉིད་ལྷ་མོ་མཁར་གྱི་བསམ་འགྲུབ་ཕུག་ཏུ་སྦས། དྲི་མེད་ཤེལ་ལས་བཞེངས་པའི་སྐུ་འདྲ་འཕྲིན་ལས་ཀྱི་རྟེན་དེ་ཉིད་ཡར་ལྷ་ཤམ་པོའི་བསམ་འགྲུབ་ཕུག་ཏུ་སྦས་པའོ་ བྱེ་མ་ཨ་ཀྲོང་ནང་གུ་རུའི་ཤངས་ཁྲག་ཐིག་པ་ལས་འཁྲུངས་པའི་གུ་རུ་འི་སྐུ་བརྙན་གཏེར་མ་འདི། གུ་རུ་ཇོ་རྩེས་གཏེར་ལས་བཞེས་པའི་གཏེར་ཁུང་ཡེ་ཤེས་མཚོ་རྒྱ་གྱི་གཟིམས་ཕུག་དུ་ད་ལྟ་ཡོང་མཇལ་རྒྱུ་ཡོད།