རཏྣ་དགོན།

དཔལ་ལྡན་རཏྣ་དགོན་ཡང་དགོན་ཆོས་ཀྱི་ཕོ་བྲང་གི་དགོན་འདི་བོད་ལྗོངས་ཆབ་མདོ་རྨོ་མདའ་ཡུལ་ཚོའི་ཁོངས་སུ་ཡོད་ཅིང་། ༧ཀརྨ་པ་སྐུའི་ཕྲེང་བ་དང་པོ་དུས་གསུམ་མཁྱེན་པས་རབ་བྱུང་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་༡༡༨༥ལོར་ཕྱག་བཏབ་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་ཡིན། རྗེ་དུས་གསུམ་མཁྱེན་པའི་གདན་ས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡོད་པའི་ཡ་གྱལ་ཡོན་ཏན་གྱི་གདན་ས་ཡིན་པར་གྲགས། གནས་ཆེན་རཏྣའི་རྩེར་ཆགས་པས་རཏྣ་དགོན་ཞེས་ཐོགས་པ་དང་མཁས་པའི་དགའ་སྟོན་དང་། ལྷོ་རོང་ཆོས་འབྱུང། དེབ་སྔོན། ཀཾ་ཚང་ཆོས་འབྱུང་སོགས་ལས་རེ་ནེ་དང་རེ་སྣེ་ཅི་རིགས་བྲིས་འདུག་ཅིང་ད་ལྟའང་དམངས་ཁྲོད་དུ་རེ་ནེ་དགོན་ཞེས་འབོད། དགོན་འདི་སྔོན་ཆད་གནས་རཏྣ་དང་། དགོན་རབ་ཕྱོགས་ཁ་ཞེས་དར་ཞིང་རྒྱས་པར་མངོན་ལ། ཕྱིས་སོག་དམག་གིས་གཏོར་རྗེས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཉམས་གསོ་གནང་ཞིང་། སྔ་ཕྱིར་ཀརྨ་པ་སྐུ་ཕྲེང་དགུ་པ་ཡན་ཆད་དང་། སི་ཏུ་སྐུ་ཕྲེང་དང་པོ་དང་། བཞི་པ། བདུན་པ། ཞྭ་དམར་སྐུ་ཕྲེང་ལྔ་པ་དང་དགུ་པ། ཆགས་མེད་སྐུ་ཕྲེང་དང་པོ་དང་། གསུམ་པ། བཞི་པ། ལྔ་པ། བདུན་པ་སོགས་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་དག་ཕེབས་ཏེ་དབང་ལུང་ཁྲིད་སོགས་ཀྱིས་གདུལ་བྱ་རྣམས་སྨིན་པར་བྱས། བསྟན་པ་འཛིན་པའི་སྐྱེས་བུ་ལ་རཏྣ་དཔོན་སྐུ་ན་རིམ་དགུ་དང་། ཨ་ནུ་དཔོན་སྐུ་ན་རིམ་གཉིས། བྷོ་དྷི་སྤྲུལ་སྐུ་ན་རིམ་གསུམ་བཅས་ཡོད་ཅིང་། རིག་གསར་རྗེས་སུ་ཡང་ཀཾ་ཚང་རང་རྐང་ཚུལ་བཞིན་གནང་སྟེ་ད་ལྟ་འཛིན་སྐྱོང་བྱེད་བཞིན་པ་དང་། དེ་བཞིན་དགོན་འདི་སྒྲུབ་བརྒྱུད་འཛིན་པའི་ཆོས་རྒྱུན་ཞིག་ཡིན་པ་ལྟར་རིག་གསར་རྗེས་སུ་ཡང་རཏྣ་དཔལ་གྱི་བསམ་གཏན་སྒྲུབ་སྡེ་རུ་ལོ་གསུམ་རེ་བྱས་པའི་སྒྲུབ་ཐེངས་དགུ་ཙམ་སོང་ཡོད། ཚོགས་དུས་མཆོད་དང་། སྐུ་གསུང་ཐུགས་རྟེན། བཅའ་ར་འདུ་ཁྲིམས། སྔ་ཕྱིའི་འཕོ་འགྱུར། ཕྱི་ནང་གི་བཀོད་པ་སོགས་ཅུང་ཟད་རྒྱས་པ་དགོན་འདིའི་ལོ་རྒྱུས་ངོ་མཚར་གྲུབ་པའི་མེ་ལོང་དུ་གསལ།