ཁྱུང་པོ་ཞག་གཅོད་དགོན།

ཁྱུང་པོ་ཞག་གཅོད་ངེས་དོན་བསམ་གཏན་ཆོས་འཁོར་གླིང་ནི།
གྲུབ་ཆེན་དབུས་སྨྱོན་ཀུན་དགའ་བཟང་པོ་མཆོག་གི་ཐུགས་ཀྱི་སྲས་ཆེན་ྋཞག་གཅོད་བཀྲ་ཤིས་དཔལ་བཟང་མཆོག་གིས་ཕྱི་ལོའི་དུས་རབས་བཅུ་དྲུག་ནང་ཕྱག་བཏབ་པའི་ཀརྨ་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཡིན།  གདན་ས་འདི་ནི་བོད་ཆེན་པོའི་ལྗོངས་ཀྱི་ནང་ཚན།  དངུལ་ཟླ་ཟལ་མོ་སྒང་ཞེས་ཡོངས་སུ་གྲགས་པའི་ཆ།  ཁམས་སྟོད་ཁྱུང་པོ་སྟེང་ཆེན་གྱི་ཡ་གྱལ་ནག་རི་དཔོན་གྱི་མངའ་འབངས། བྷ་རུ་ཞེས་པ་ཡུལ་གྱི་དགེ་བཅུ་དང་ས་ཡི་དཔྱད་ཕུན་སུམ་ཚོགས་པའི་གནས་བྲག་རི་སེང་གེ་གནམ་ལ་འགྱིང་འདྲའི་མདུན་རོལ་ཏུ་ཆགས་ཡོད། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་མཚན་ལྡན་གྱི་བླ་མ་མང་དུ་བསྟེན་ཅིང་།  ཁྱད་པར་དུ་དབུས་སྨྱོན་དགའ་ཀུན་བཟང་པོའི་དྲུང་དུ། དབང་དང་གདམས་ངག་རྫོགས་པར་ཞུས་ནས་ཉམས་བཞེས་དཔྱིས་ཕྱིན་པར་གནངསྟེ། བླ་མའི་ལུང་བསྟན་ལྟར་དགུང་གྲངས་ཞེ་གཉིས་ལ་ཕེབས་པ་སྟེ། དུས་རབས་བཅུ་དྲུག་པའི་༡༥༣༣ལོར་གདན་ས་འདི་ཕྱག་བཏབ། དེ་ནས་བཟུང་རྗེ་ཉིད་དང་མགོ་པ་ནམ་མཁའ་བཀྲ་ཤིས་ན་རིམ། ཀུན་དགའ་བཀྲ་ཤིས་ན་རིམ། ཀརྨ་ཐབས་མཁས་ན་རིམ་། བློ་གྲོས་མཆོག་ལྡན་སོགས་དུ་མས་གདན་ས་བསྐྱངས་ཤིང་། ཁྱད་པར་དུ་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཐུགས་སྲས་དབོན་པོ་དགེ་འདུན་བཀྲ་ཤིས་སྐུ་ཕྲེང་བཅུ་གཅིག་པ་གཟི་སྤྲུལ་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་ལ་བརྟེན་ནས་བཤད་སྒྲུབ་གཉིས་ལྡན་གྱི་གདན་ས་ཁྱར་པར་ཅན་ཞིག་ཏུ་གྱུར་པ་ཡིན། རིག་གསར་སྐབས་དགོན་པ་ལ་གཏོར་བརླགས་ཚབ་ཆེན་བྱུང་ཡང་། སླར་ཡང་བསྟན་པ་ཡང་དར་གྱི་སྐབས་དང་བསྟུན་མཆོད་ཡོན་ཟུང་གི་ལྷག་བསམ་ལ་བརྟེན་ནས་ཕྱི་ལོ་༡༩༨༢ལོ་ནས་བཟུང་དགོན་འདིའི་བསྟན་པའི་མེ་རོ་གསོ་བའི་དབུ་ཚུགས་ཤིང་། ད་ལྟ་ཡང་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་འཆད་ཉན་ཉམས་བཞེས་ཀྱི་སྡེ་བཤད་གྲྭ་ལུང་རིགས་ཉིན་བྱེད་གླིང་དང་། སྒྲུབ་སྡེ་རང་བྱུང་འོད་གསལ་གླིང་། ཚོགས་ཆེན་རྒྱུད་གྲྭ། བཙུན་དགོན་བདེ་ཆེན་རི་ཁྲོད་གླིང་བཅས་ལ་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་། ཚེས་དུས་སྒྲུབ་མཆོད་སོགས་ཆད་ལུས་མེད་པར་སོར་ཆུད་པའི་ཐོག ལོ་ལྟར་བཤད་སྒྲུབ་གཉིས་ཀྱི་སྤོང་ཀློག་གི་བྱ་བ་དག་ཀྱང་དབྱར་མཚོ་ལྟར་གོང་འཕེལ་འགྲོ་བཞིན་པ་ལགས།
གནས་ཡུལ་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ས་སྒང་ཤང་།