ཀཾ་པོ་གནས་ནང་།

ཀཾ་པོ་གནས་ནང་ནི་རྒྱལ་བའི་དབང་པོ་སངས་རྒྱས་༧ཀརྨ་པ་སྐུ་ཕྲེང་དང་པོ་མི་མཆོག་དུས་གསུམ་མཁྱེན་པ་ལ་མཉམ་མེད་དྭགས་པོ་ལྷ་རྗེས་བུ་ཁྱོད་སྒྲུབ་པ་ཁམས་ཀྱི་གངས་རར་གྱིས། འགྲོ་དོན་དབུས་གཙང་ཁམས་གསུམ་དུ་ཁྱབ་པར་འབྱུང་ཞེས་ལུང་བསྟན་པ་ལྟར་སྤྱི་ལོ་1164ལོར་གནས་འདིར་བྱོན་ནས་སྒྲུབ་པ་མཛད་ནས་ཡུན་རིང་བཞུགས། གྲུབ་པའི་སར་གཤེགས། བུ་སློབ་མང་པོ་འདུས་པའི་དབང་གིས་གླིང་བཞི་རུ་ཕྱེས། རིག་པ་བསམ་གཏན་གླིང་། གནད་སྒོ་བྱང་ཆུབ་གླིང་། ཚོགས་གཉིས་ནོར་བུ་བསམ་འགྲུབ་གླིང་། ཤུགས་པ་དགྲ་བཅོམ་གླིང་སྟེ་གླིང་བཞི་ལ་འཁོར་འདུས་པའི་བུ་སློབ་རྣམས་བཞུགས་ནས་ཐུགས་སྲས་ཉི་ཟླ་ལྟར་གྲགས་པའི་བུ་སློབ་མང་དུ་བྱོན། གདན་ས་དང་པོ་ཀཾ་པོ་གནས་ཕྱག་བཏབ། གདན་ས་འཛིན་པ་དབྲ་དགེ་ཆོས་བརྩོན་འགྲུས་གདན་ས་བླ་བསྐོས་མཛད་ནས་བསྟན་པ་དར་ཞིང་རྒྱས། དེ་ནས་ཀརྨ་པ་སི་ཏུ་ཞྭ་དམར་སོགས་སྐུ་ཕྲེང་རིམ་བྱོན་རྣམས་བཞུགས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ནས་བསྟན་པ་ཡུན་དུ་གནས་པའོ། །