གོ་ཆེའི་བཙུན་དགོན་ཁ་ལ་རོང་སྒོ།

གོ་ཆེའི་བཙུན་དགོན་ཟླ་ཉིན་ཁ་ལ་རོང་སྒོ་དཔལ་ཆེན་བཤད་སྒྲུབ་ཆོས་འཁོར་གླིང་གི་ངོ་སྤྲོད།

ཀརྨ་བཀའ་བརྒྱུད་ཁ་ལ་རོང་སྒོ་དཔལ་ཆེན་བཤད་སྒྲུབ་ཆོས་འཁོར་གླིང་ནི། ནང་ཆེན་རྫོང་གི་བྱང་ཤར་མཚམས་ནས་ལེ་བར༢༢ཀྱི་མཚམས་དང་། རྒྱ་མཚོའི་ངོས་ནས་སྨི༣༥༠༠ཙམ་གྱིས་མཐོ་བའི་ས་སྟེ། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ། སྐུ་ཡི་ཡོན་ཏན་གྱི་གནས་ཟླ་ཉིན་ཁ་བྲག་དཔལ་ཆེན་ཁྲོ་བོ་དབུ་དགུའི་མདུན་རོལ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཏེར་གནས་ཁྱད་པར་ཅན་དེར་ཆགས་ཤིང་། གོ་ཆེ་གནའ་བ་སྤྲུལ་སྐུ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་བཙུགས།  

༡༩༨༦ལོ་ནས་༧གོ་ཆེ་བླ་མ་ནོར་ལྷ་རིན་པོ་ཆེ་ལ༧ཀརྨ་པ་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེ་དང་། ༧དིལ་མཁྱེན་རབ་གསལ་ཟླ་བ་སོགས་ཀྱིས་བཀའ་ལུང་གནང་བ་ལྟར་རོང་སྒོ་དཔལ་ཆེན་བཤད་སྒྲུབ་ཆོས་འཁོར་གླིང་རྟེན་དང་བརྟེན་པར་བཅས་པ་བཞེངས་གྲུབ་མཛད་པའི་འོག་གོ་ཆེ་དགོན་པའི་བླ་སྤྲུལ་མཁན་གསུམ་དང་སྒྲུབ་དཔོན་ཀརྨ་ཡར་འཕེལ།  མཁན་པོ་ཚེ་རིང་རྡོ་རྗེ་སོགས་ཀྱིས་གཟིགས་སྐྱོང་དང་། མཁན་པོ་ཀརྨ་བསྟན་གསལ་མཆོག་གིས་བཤད་གྲྭ་རྒྱ་བསྐྱེད་ནས་འདུ་ཁང་། གྲྭ་ཤག་གསར་བཞེངས་དང་འཚོ་བའི་མཐུན་རྐྱེན་སོགས་ལ་བརྟེན་ནས་འཆད་ཉན་སྒོམ་སྒྲུབ་སོགས་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་བཞིན་པའོ། །

གོ་ཆེ་དྷརྨ་ཀ་རའི་དཔེ་ཚོགས་རྩོམ་སྒྲིག་ཁང་ནས།