མགུ་ཞབས་དགོན།

མགུ་ཞབས་དགོན།
རབ་བྱུང་བརྒྱད་པའི་མེ་ཁྱི་སྤྱི་ལོ་༡༤༦༦ཡས་མས་ནས་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་སྤྱི་ལོ་༡༧༩༧་ཡས་མས་བར་རི་མགུལ་བྱང་ཆུབ་སྤྲུལ་སྐུ་ན་རིམ་བཞིས་བསྐྱངས་པའི་ཀཾ་ཚང་གི་དགོན་པ་ཞིག་ཡིན། ཀརྨ་པ་བཅུ་གསུམ་པས་རི་མགུལ་བྱང་ཆུབ་སྤྲུལ་སྐུ་བཞི་པ་ལ་གནང་བའི་ཕྱག་ཡིག་ལས། བྱང་ཆུབ་སྤྲུལ་སྐུ་དང་པོ་ནི་རི་མགུལ་དང་སུམ་ལུང་མགུ་ཞབས་དགོན་གསུམ་གྱི་བདག་པོར་གསུངས་པ་དང་། ཆོས་འབྱུང་རང་རྣམ་ལས་ཀྱང་། རི་མགུལ་སུམ་ལུང་མགུ་ཞབས་ཚབ་ཚ་རྣམས་ཀྱི་གྲྭ་པ་བརྒྱ་ལྷག་རབ་བྱུང་བསྙེན་རྫོགས་བསྒྲུབས། ཞེས་དང་། རི་མགུལ་སུམ་ལུང་མགུ་ཞབས་རྣམས་ལ་དུས་མཆོད་རྙིང་གསོ་གསར་འཛུགས་ཀྱི་རྟེན་གནང་སྦྱིན་བྱས། ཞེས་སྤྱི་ལོ་༡༧༤༠ལོར་གསུངས་པ་ལྟར་རི་མགུལ་བྱང་ཆུབ་སྤྲུལ་སྐུ་ན་རིམ་དག་གིས་དེའི་བར་བསྐྱངས་པ་ཞིག་ཡིན་ཡང་འདི་སུས་ཕྱག་བཏབ་པ་དང་། ཆགས་དུས་བླ་སློབ་བྱོན་ཚུལ་དང་དར་རྒྱས་ག་འདྲ་ཡོད་མེད་སོགས་ལོ་རྒྱུས་དང་ངག་རྒྱུན་ཙམ་ཡང་གསལ་ཆ་མེད་པས་ཇི་བཞིན་བརྗོད་ཐབས་བྲལ་ཡང་སྤྱི་ལོ་༡༨༠༨དང་༡༨༣༥བར་དུ་སི་ཏུ་པདྨ་ཉིན་བྱེད་མགུ་ཞབས་སུ་བྱོན་ནས། ཁོང་གིས་སྤང་ལྗོངས་ལ་ཆོས་གོས་བཀབ་པ་དང་། རྡོ་ལ་ཞབས་རྗེས་བཞག །མགུ་ཞབས་རི་ཁྲོད་ཀྱང་ཉམས་གསོ་གནང་། ཆོས་གོས་དགབ་སའི་མགུ་ཞབས་མདུན་ཐང་དུ་མེ་ཏོག་སེར་ཆེན་གཞན་དང་མ་འདྲ་བ་འདབ་མ་སུམ་ཅུ་བཞི་བཅུ་ཅན་དང་། ཞབས་རྗེས་དག་ད་སྐབས་ལ་ཡང་མཇལ་རྒྱུ་ཡོད། སི་ཏུ་པདྨ་ཉིན་བྱེད་ཀྱི་གསུང་འབུམ་རི་མགུལ་དགོན་གྱི་ཡུལ་ལྷའི་བསང་ཡིག་མཛད་བྱང་དུ། སི་ཏུ་པདྨའི་མིང་ཅན་གྱིས། མགུ་ཞབས་རི་ཁྲོད་སྦྱིན་བདག་རྣམས་ཀྱི་ངོར་སྤེལ་བ་དགེ་ལེགས་འཕེལ། ཞེས་དང་། གསུང་འབུམ་སྨོན་ལམ་སྐོར་ལས། སི་ཏུ་པདྨ་ཉིན་བྱེད་དབང་པོས་རི་མགུལ་སྤྲུལ་པའི་སྐུ་ནས་བཀའ་བརྒྱུད་གོང་མའི་རིང་སྲོལ་ཇི་བཞིན་དབེན་རིར་སྒྲུབ་སྡེ་གསར་འཛུགས་སྐབས་ཤིས་བརྗོད་སྨོན་ལམ་བཞེད་ངོར་སྤེལ་བ་དགེ་ལེགས་དར་རྒྱས་འཕེལ། ཞེས་གསུངས་པ་ལྟར་དེ་ནས་རི་མགུལ་དགོན་གྱི་སྒྲུབ་ཁང་དུ་མཛད་ནས་ཀརྨ་ནོར་བུས་ནི་གུ་ཆོས་དྲུག་ཉམས་བཞེས་ལོ་གསུམ་བཅད་རྒྱར་བཞུགས་སྲོལ་གསར་འཛུགས་གནང་། དེ་ནས་རི་མགུལ་བླ་མ་མགོན་པོ་ལྷ་དར་དང་མཁན་པོ་དགེ་འདུན་གཞན་བླ་མ་བདུད་རྩི་ཁོང་རྣམས་ཀྱིས་རིམ་བཞིན་སྒྲུབ་དཔོན་གྱི་འགན་བཞེས། དེང་གི་ཆར་ཡང་སྒྲུབ་ཁང་བསྐྱར་གསོ་དང་ནི་གུ་ཆོས་དྲུག་སོགས་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་སྔར་གྱི་རྒྱུན་མ་ཉམས་པར་མུ་མཐུད་སྤེལ་བཞིན་ཡོད། མགུ་ཞབས་སྒྲུབ་ཁང་ཟབ་ལམ་མངོན་དགའ་གླིང་ཡང་ཟེར། དཀར་མཛེས་ཁུལ་གླིང་ཚང་དང་ད་སྐབས་སྡེ་དགེ་རྫོང་གི་མངའ་ཁོངས་སྡེ་དགེའི་པར་ཁང་གི་བྱང་ཤར་མཚམས་སྤྱི་ལེ་༢༥༠དང་རི་མགུལ་དགོན་ནས་སྤྱི་ལེ་དགུའི་མཚམས་སུ་ཡོད།