ཟླ་ཀླུང་བདེ་ཆེན་དགོན།

བོད་ཤར་ཕྱོགས་ཁམས་ཀྱི་ས་ཆར་དེང་དུས་བོད་ལྗོངས་འཇོ་མདའ་རྫོང་ནས་བྱང་ཤར་ལེ་དབར་༢༠༠ལྷག་གི་སར། ཟླ་ཀླུང་ཡུལ་ཚོའི་ཁོང་དུ་ཡོད་ཅིང་དཔལ་རྒྱལ་བའི་དབང་པོ་༧ཀརྨ་པའི་སྐུ་ཡི་ཕྲེང་བ་གཉིས་པ་དང་བཅུ་གཉིས་པའི་འཁྲུངས་ཤུལ་དང་རྒྱལ་སྲས་སྤོམ་བྲག་པའི་གདན་ས་དང་ཁ་ཐག་མི་རིང་། མཚོ་འཕག་སྨི་༣༠༠༠ལྷག་གི་ས་བབ་ཡིན་པས་གནམ་གཤིས་ཀྱི་དྲོ་གྲང་སྙོམ་ཞིང་ཡུལ་འབྲོག་གཉིས་ཀའི་འཚོ་བའི་ཆ་རྐྱེན་བཟང་། དགོན་གནས་འདི་ཐོག་མར་ཕྱག་བཏབ་པ་པོ་ནི། དུས་རབས་བཅུ་གཅིག་པའི་དཀྱིལ་ཙམ་ལ་བྱ་བྲལ་ཀུན་སྤོང་བ་ཆེན་པོ་རྟོགས་ལྡན་སེངྒེ་དཔལ་བ་ཡིན་ཞིང་། འགྲོ་མགོན་རས་ཆེན་དང་དུས་མཉམ་ཙམ་ཡིན་སྐད། དེ་ནས་དུས་རབས་བཅུ་བཞི་པའི་སྨད་ཙམ་དུ་ཀརྨ་པ་ཆོས་གྲགས་རྒྱལ་མཚོས་ཁམས་ཁུལ་གྱི་དགོན་པ་མང་ཤོས་ཕྱག་བཏབ་པའི་གྲལ་དུ་བདེ་ཆེན་དགོན་པ་ཡང་དེ་སྐབས་སུ་བཤད་སྒྲུབ་ཀྱི་འདུས་སྡེ་དངོས་སུ་བཙུགས་པར་གྲགས། དེ་ནས་རིམ་བཞིན་དུས་རབས་བཅུ་བདུན་པ་དཀྱིལ་ཙམ་ནས་དགོན་གནས་འདི་དཔལ་སྤུངས་དགོན་པའི་བུ་དགོན་གྱི་ཁོང་དུ་ཞུགས། དེ་ནས་བཟུང་དཔལ་སྤུངས་ཚང་གིས་ལོ་གསུམ་བཞི་རེའི་མཚམས་སུ་བླ་བསྐོས་མངགས་གཏོང་མཛད་ཀྱིན་ཡོད། བསྟན་པ་ཡང་དར་གྱི་སྐབས་སུ་བླ་མ་ཚེ་དབང་རང་གྲོལ་གྱིས་བསྟན་པའི་མེ་རོ་གསོས་ཤིང་སྒྲུབ་ཁང་དང་ལྷ་ཁང་ཡང་བསྐྲུན། དུང་འཁོར་མཆོད་རྟེན་སོགས་བསྟན་བཞེངས་ཚད་མེད་གནང་ནས་ད་ལྟ་ཡང་སྐུ་འཚོ་ཞིང་བཞུགས།