ནོར་བུ་ཁྱུང་རྫོང་དགོན།

                 ནོར་བུ་ཁྱུང་རྫོང་དགོན་གྱི་ལོ་རྒྱུས་ལས་དགོན་པ་འདི་ངོ་སྤྲོད་མདོར་བསྡུས་ཁོལ་དུ་ཕྱུང་བ།

   སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་རིང་ལུགས་འཛིན་པའི་དགོན་གནས་འདི་ནི་དུས་རབས་བཅུ་དགུའི་དུས་འཇུག་ལ་རྒྱལ་མཆོག་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་སློབ་ཀརྨ་ཆོས་འཕེལ་ནས་་རྒྱལ་དབང་མཆོག་གིས་སྒྲོལ་དཀར་གྱི་སྐུ་རྟེན་གནང་ནས་དགོན་པ་བཞེངས་རྒྱུའི་བཀའ་ལུང་སྤྱི་བོར་ཕེབས་པ་བཞིན་རབ་བྱུང་ཅོ་ལྔ་པའི་ཤིང་རྟ་ལོ་སྟེ་སྤྱི་ལོ་༡༨༩༤ལོར་ཕྱག་བཏབ་ནས་དཔལ་ལྡན་སྟག་ལུང་རྩེ་སྤྲུལ་ངག་དབང་དཔལ་ལྡན་མཆོག་གདན་འདྲེན་གྱིས་ཁྲུས་དང་རབ་གནས་ཀྱི་དགོས་རིམ་རྣམས་ལེགས་པར་གྲུབ་ནས་དགོན་པའི་མཚན་ལ་༼  ནོར་བུ་ཁྱུང་རྫོང་ཀུན་བཟང་བདེ་ཆེན་གླིང་༽ ཞེས་སུ་གསོལ།  བསྟན་སྲུང་བཙན་རྒོད་དབང་དྲག་སྟོབས་ལྡན་ལ་གཉེར་དུ་གཏད་ཏེ་གསོལ་ཁ་མཛད།
  དེ་རྗེས་བླ་མ་ཀརྨ་ཆོས་འཕེལ་སྐུ་ཚེའི་སྨད་ཙམ་ལ་རྒྱལ་དབང་རིག་པའི་རྡོ་རྗེའི་ཞལ་སློབ་ཀརྨ་ཤེས་རབ་འབྱུང་གནས་དང་དེ་བཞིན་ཀརྨ་བརྩོན་འགྲུས་མཐའ་ཡས་སོགས་རིམ་པར་དགོན་པའི་རྡོར་སློབ་ཏུ་གཏོང་གནང་མཛད་ནས་དགོན་པའི་ནང་རྟེན་གསུམ་ཉམས་གསོ་རྒྱ་བསྐྱེད་དང་མགོན་ཁང་གསར་བཞེངས་སོགས་གནང་བ་དང་ལྷག་ཏུ་བླ་མ་ཀརྨ་བརྩོན་འགྲུས་མཐའ་ཡས་ནས་རྒྱལ་དབང་མཆོག་ལ་སྤྱིར་དགོན་པའི་མཚན་དང་ཡང་དགོས་འདུ་ཁང་གི་མཚན་ཞིག་གསོལ་རས་ཞུས་པའི་ལན་དུ་དགོན་པའི་མཚན་སྔ་མ་སོར་བཞག་ཐོག་འདུ་ཁང་༼ལྷུན་གྲུབ་ཕོ་བྲང་༽ཞེས་པའི་ཕྱག་བྲིས་ཕྱག་དམ་སྩལ་གནང་མཛད།    དེ་མིན་རྟེན་གསུམ་དང་བཅའ་དངོས་སོགས་ཇི་ཡོད་རྒྱས་པར་ཁྱུང་རྫོང་དགོན་གྱི་ལོ་རྒྱུས་༼   སྔགས་བསྟན་འཛིན་འབྲུག་དར་ནས་ཕྱོགས་བསྒྲིགས་བྱས།༽  ལ་གཟིགས་པར་ཞུ་འདིར་ཡིག་ཚོགས་མང་དོག་ནས་དེ་ཙམ་མོ།།  
   ལོ་བཅུའི་གོད་ཆགས་ཁྲོད་དགོན་གནས་འདི་ཡང་འཐོར་ཞིག་ཏུ་ཕྱིན།
      སླར་ཡང་སྤྱི་ལོའི་ལོ་རབས་བརྒྱད་ཅུའི་ནང་སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་མཆོག་ནས་ཤུགས་ཆེའི་རྒྱབ་བསྐྱོར་བཀའ་དྲིན་དང་སྔགས་བསྟན་འཛིན་འབྲུག་དར་བླ་མ་སྐལ་དར་བཅས་ཀྱིས་འབད་བརྩོན་འོག་དགོན་པ་ཉམས་གསོ་དོན་འཁྱོལ་བྱུང་ནས་ད་ལྟའི་ཆར་སྒྲུབ་དཔོན་བདེ་ཆེན་ཉིད་ཀྱིས་བཀའ་མངགས་ལྟར་ཉིད་ཀྱི་ཞལ་སློབ་ཀརྨ་ཡེ་ཤེས་རྒྱ་མཚོ་མཆོག་ནས་དགོན་བདག་བླ་མའི་འགན་བཞེས་གནང་སྟེ་ཕྱིའི་དགོན་པའི་འདུ་ཁང་དང་། བཀའ་འགྱུར་ལྷ་ཁང་།  མགོན་ཁང་། བྱང་ཆུབ་མཆོད་རྟེན་ཆེན་མོ་སོགས་ཉམས་གསོ་གསར་བཞེངས་གནང་བ་མ་ཟད།  ལྷག་ཏུ་གྲྭ་དམང་རྣམས་ལ་དབང་ལུང་ངན་ངགདང་དེ་བཞིན་དེ་སྔོན་དགོན་པའི་རྒྱུན་སྲོལ་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་འབུད་བརྡུང་དཀྲོལ་གསུམ་སོགས་ཕྱི་ནང་གང་ཅིའི་ཐད་ཉམས་གསོ་མི་དམན་པས་བཀའ་དྲིན་སྐྱོང་མུས་སུ་བཞུགས་ཡོད།         
1894-2020.