གནས་མདོ་ཆུ་བརྒྱད་བཙུན་དགོན།

དགོན་པ་འདི་ནི་མཚོ་སྔོན་ཡུལ་ཤུལ་དགེ་རྒྱལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་མངའ་འོག། རྫོང་གི་ཤར་ཕྱོགས་སྤྱི་ལེ་ལྔ་་བཅུའི་ཡས་མས་སུ་ཡོད། ཆོས་སྡེ་འདི་གནས་མདོའི་ལུགས་འཛིན་པའི་བཙུན་དགོན་ཞིག་ཡིན་ལ།   བསྙོ་ལོ་གནས་མདོ་གཅོད་བླའི་སྐུ་ཕྲེང་བཞི་པ་པདྨ་རྒྱལ་པོ་དང་བདེ་ཆེན་སྐུ་ཕྲེང་གསུམ་པ་བཅས་ཀྱི་དངོས་སློབ་གྲུབ་དབང་ཚུལ་ཁྲིམས་རབ་རྒྱས་ལགས་ཀྱིས།   སྔོན་གེ་བཅག་ཚངས་དབྱངས་རྒྱ་མཚོས་བཀའ་ལུང་ཡོད་པ་ལྟར་ཅོ་ཡུལ་ནང་དུ་དགོན་པ་ཞིག་གདབ་རྒྱུ་ཐུགས་མདུན་གྱི་སྟ་གོན་མཛད་ནས།  མཁན་ཆེན་ཇོ་དགའ་རིན་པོ་ཆེ་དང་ཉི་ཡག་གསར་དགའ་རྣམ་གཉིས་གདན་དྲངས་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་སོགས་དབང་ལུང་རྩ་ཆེན་འགའ་གནང་ནས་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེར་མཛད། ཡིན་ནའང་རྒྱུ་རྐྱེན་གཞན་ཞིག་གིས་སྐབས་དེར་དངོས་སུ་འདེབས་རྒྱུ་མ་བྱུང་།  དེ་རྗེས་བོད་རབ་བྱུང་བཅོ་ལྔ་དང་ཕྱི་ལོ་༡༩༠༨་ལོར་གནས་མཆོག་མོ་ཁད་ལྷ་རྩེའི་མདུན་ཞོལ་གྱི་ཆུ་བརྒྱད་ཁ་ཞེས་པར་དགོན་པ་འདི་ཕྱག་བཏབ་པར་མཛད།     དུས་ཟིང་སྐབས་དགོན་པ་རྩ་མེད་དུ་སོང་།   སླར་ཡང་རབ་བྱུང་བཅུ་དྲུག་དང་ཕྱི་ལོ་༡༩༨༦ལོར་གོང་རིམ་གྱིས་ཆོག་མཆན་ཐོབ་པའི་འོག་བཙུན་རྒན་མ་ཨོ་རྒྱན་སྒྲོལ་མའི་བདག་རྐྱེན་ལས་དགོན་གནས་ཅོ་ཡུལ་ནང་དུ་སྤོ་རྒྱུ་སྟ་གོན་མཛད་ནས་གེ་བཅག་དུང་དགའ་རིན་པོ་ཆེས་བསྐྱར་དུ་ཅོ་ཡུལ་ནང་དུ་ས་འདུལ་མཛད་དུ་བཅུག་ནས་བསྟན་པ་སླར་གསོ་བྱེད་མགོ་བརྩམས།   དེ་ནས་བཟུང་དགེ་རྒྱལ་གནས་མདོ་དགོན་གྱི་མཆོག་སྤྲུལ་བདེ་ཆེན་རིན་པོ་ཆེས་བརྩེ་གཟིགས་འོག་གནས་མདོ་དགོན་པའི་གྲྭ་གཙང་པ་ཉི་དགའ་གཙོའི་བཙུན་མ་རྒན་གཞོན་ཀུན་གྱིས་མཐུ་དཔུང་གཅིག་སྒྲིལ་གྱིས་དགོན་འདིར་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདིར་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད།