སྡོམ་ཁའི་གནས་མདོ་དགོན།

སྡོམ་ཁའི་གནས་མདོ་དགོན་གྱི་བྱུང་བ་མདོར་བསྡུས། སྡོམ་ཁའི་གནས་མདོ་དགོན་ནི་ཡུལ་གྱི་མིང་དང་ཆོས་བརྒྱུད་ཀྱི་མིང་གཉིས་ཟུང་དུ་འབྲེལ་གྱི་སྒོ་ནས་དགོན་པར་ཐོགས་པ་ཞིག་ཡིན་ཞིང་། དགོན་འདི་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཐུགས་སྲས་ཀྱི་བུ་ཆེན་གནས་མདོ་རིག་འཛིན་རྒྱ་མཚོས་མཁས་གྲུབ་ཀརྨ་ཆགས་མེད་ཉིད་ཀྱི་གཟིགས་སྣང་དང་མཁའ་འགྲོའི་བརྡ་ལུང་བསྟན་པ་ལྟར་གདན་ས་སྤྱི་ལོ་༡༦༦༢ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་རག་ཤུལ་སྡེ་བ་རུ་སྡོམ་ཁའི་གནས་མདོ་ཁྲ་འོད་དུང་སེང་ཆོས་ཀྱི་རྫོང་ཆེན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ། ཁོང་དང་ཁོང་གི་རྒྱལ་ཚབ་སྤྲུལ་ཆོས་གྲགས་དཔལ་བཟང་དང་གནས་མདོ་ཀརྨ་ཡན་ལག་གཏེར་ཆེན་བསམ་གཏན་གླིང་པ་སོགས་ཀྱི་སྤྲུལ་བརྒྱད་དང་གདུང་རྒྱུད་སློབ་བརྒྱུད་སོགས་ཀྱིས་བཤད་དང་སྒྲུབ་པའི་བསྟན་པ་དར་རྒྱས་སུ་མཛད་པ་མ་ཟད་རིམ་བཞིན་སྡོམ་ཁའི་བང་ང་ཁ་དང་། སྐྱུ་ཁྱིམ་མ་འགི་གཉིས་ལ་ཡང་སྒྲུབ་སྡེ་གསར་འཛུགས་མཛད་ཅིང་། མ་འགིའི་ཞོལ་དུ་ལྷ་ཁང་སོགས་རྒྱ་ཆེར་བཞེངས། དགོན་འདི་ལ་དྭགས་པོ་ཟླ་འོད་གཞོན་ནུ་མི་ཡི་ཚུལ་དུ་གཟུངས་བ་ཟླ་སྤྲུལ་རིན་པོ་ཆེ་དང་གཏེར་ཆེན་མཆོག་གྱུར་གླིང་པ་སྐྱབས་རྗེ་པདྨ་ཉི་བྱེད་དབང་པོ་སོགས་དམ་པ་དུ་མ་ཞིག་གི་གཟིགས་སྣང་ལ་དགོངས་འདུས་ཀྱི་གནས་དང་གསང་སྔགས་གསར་མ་ལྟར་ན་འཁོར་ལོ་སྡོམ་པའི་ཐུགས་ཀྱི་གནས་མཆོག་ཁྱད་པར་ཅན་ཡིན་ཚུལ་སོགས་བསྔགས་བརྗོད་མཛད། སྤྱི་ལོ་༡༩༥༨ལོར་དུས་ཟིང་ཁྲོད་ནས་དགོན་པའི་ཕྱི་ནང་ཡོངས་རྫོགས་ཞིག་རལ་དུ་སོང་ནས་དགོན་ཤུལ་ཙམ་དུ་གྱུར། ༡༩༨༣ལོརགནས་མདོའི་མཆོག་སྤྲུལ་ཆོས་གྲགས་དཔལ་བཟང་སྐུ་ཕྲེང་བརྒྱད་པ་དང་བསམ་གཏན་གླིང་པའི་གདུང་རྒྱུད་སྤྲུལ་ཁྲ་འཇིག་གམ་ཀརྨ་ངག་དབང་ལུང་རིགས་སྨྲ་བའི་སེང་གེ་རྣམ་གཉིས་ཀྱིས་དབུ་ཁྲིད་དེ། སྡེ་དམངས་ལྷག་བསམ་ཅན་ཡོངས་ཀྱིས་ཤུགས་སྐྱེད་འོག་བསྟན་པའི་མེ་རོ་བསྐྱར་དུ་གསོ་བར་མཛད་སྐབས། བྱང་ཆུབ་བླ་བྲང་གི་གཉེར་པ་འབར་ཨ་ཧོ་ནས་དུས་ཟིང་སྐབས་སུ་རྟེན་རྫས་རྩ་ཆེན་མང་པོ་ཉར་ཚགས་བྱས་པ་དག་སླར་དགོན་གཞུང་དང་བླ་བྲང་ལ་ཕུལ། གཙུག་ལག་ཁང་དང་དགེ་འདུན་པའི་སྡེ་བསྐྱར་འཛུགས་གནང་ནས་ སྒྲུབ་གྲྭ་དང་། བཤད་གྲྭ་སོགས་རིམ་བཞིན་གཙུགས་ནས་བསྟན་པ་རྒྱ་ཆེར་དར་བཞིན་ཡོད།