དགེ་རྒྱལ་ཤང་ཟོ་བཙུན་དགོན།

དགེ་རྒྱལ་བར་མ་དཔལ་བདེ་ཆེན་ཆོས་འཁོར་གླིངནི། ༡༩༥༨ ནང་དུས་ཀྱི་འཕོ་གྱུར་སྐབས་སུ་དགེ་རྒྱལ་བར་མའི་དཔོན་བརྒྱུད་ཀྱི་བླ་དཔོན་ཁག་གཞི་བྱེས་གཉིས་སུ་གྱར་བའི་གནས་སྟངས་འོག་གཞི་ལུས་སྤྲུལ་སྐུ་ཚེ་དབང་བདེ་ཆེན་བཙོན་གྲོལ་ཐོབ་པ་དང་། ཀརྨ་སྒྲུབ་བརྒྱུད་མ་བུ་རྣམས་མཉམ་འཛོམས་བྱུང་ནས་ རྒྱལ་ཁབ་ཀྱི་སྲིད་ཇུས་གུ་ཡངས་ཐོབ་པ་དང། སྔར་གནས་ཀྱི་ཕ་ས་རྒྱབ་རི་དམག་འགྱེད་སྟག་རྩེའི་མདུན་ཤང་ཟོ་་ལ་བཞུགས་ཆོག་པའི་གོ་སྐབས་བྱུང་བས་འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད་པའི་ངེས་ཤེས་ཀྱིས་དགེ་རྒྱལ་བར་མའི་འཕྲོ་ལུས་ཕྱི་ནང་གི་རྒྱུ་རྫས་གང་ཡོད་ཆོས་ཕྱོགས་སུ་བཏང་ནས། འཁོར་བ་རྩས་ནས་སྤང་སྟེ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་རྒྱུར་རྒྱུའི་མོས་བློ་ཟློག་མེད་ཀྱིས་བོད་རབ་བྱུང་བཅུ་དྲུག་པའི་ཕྱི་ལོ་༡༩༩༩དགོན་གནས་འདི་ཉིད་ཕྱག་བཏབས།དེ་རྗེས་བླ་མ་རྣམས་རིམ་བཞིན་ཞིང་དུ་སྐུ་གཤེགས་སོང་ཡང་། ཤུལ་ལུས་ཀརྨ་སྒྲུབ་བརྒྱུད་དང་བཙུན་མ་འདུས་མང་བཅས་ནས་དཀའ་སྡུག་ཚད་མེད་ལ་མ་ལྟོས་པར་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་གསད་ནས་རང་གིས་ཟུང་ཁྲག་དྲོ་མོ་དངོས་སུ་ཕུལ་བའི་ལས་ལ་ཞུགས་ནས་ད་བར་མི་ལོ་སུམ་ཅུ་ཙམ་ཡིན་ ད་སྐབས་རྟེན་གཙུག་ལག་ཁང་ཆེ་ཆུང་དགུ་དང་ རྟེན་གཙོ་ཐུབ་པའི་གཙོ་འཁོར་གསུམ། གུ་རུ། སྤྱན་རས་གཟིགས་བཅས། ཐོག་རྩེགས་གསུམ་ཅན་གཙོས་སྐུ་ཆེ་ཆུང་བརྒྱ་ཕྲག་མང་པོ་དང་། རྒྱལ་བའི་བཀའ་བསྟན་འགྱུར་ཚར་བརྒྱ་དང་ལྔ་བཅུ་་ མཛོད་ཆེན་རྣམ་ལྔ། གྲུབ་མཐའ་རིས་མེད་ཀྱི་གསུང་རྟེན་གླེག་བམ་ཁྲི་མང་པོ དེ་བཞིན་མགོན་ཁང་དང་། སྨྱུངགནས་རྒྱུན་བཞུགས་ལྷ་ཁང་། དགོན་པའི་གཞུང་ཁང་གྲངས་མང་། ཀཾ་ཚང་རང་ལུགས་སྒྲུབ་ཁང་། བཙུན་མ་རྣམས་ཀྱི་བཞུགས་ཤག་ཁང་གྲངས་སུམ་བརྒྱ་ཡར་ལྷག ད་སྐབས་བཙུན་མ་ཞལ་གྲངས་༢༧༠ཙམ གསར་རྙིང་ཡི་དམ་ཁག་གི་སྒྲུབ་མཆོད་ཉིན་བདུན་ཅུ་ལྷག་བཅས་ཕྱག་རྫོགས་རིམ་གཉིས་ཀྱི་ཐབས་གྲོལ་ཉམས་སུ་ལེན་ཁུར་དང། འདིར་དགོན་དུ་ཁྲི་ཐོག་གི་སྤྲུལ་སྐུ་དང་མཁན་པོ་གང་ཡང་མེད་པས་འདོད་ཆུང་ཆོག་ཤེས་དང་ཉམས་ཆུང་བསྡོད་བདེ་བཅས་ཀྱི་འཚོ་བ་ངན་མངོན་ཙམ་དུ་གནས་བཞིན་ལགས།