དཔལ་ཝཱར་ཆེན་བཀྲ་ཤིས་ཆོས་འཁོར་གླིང་དགོན།

དཔལ་ཝཱར་ཆེན་བཀྲ་ཤིས་ཆོས་འཁོར་གླིང་དགོན་ནི། གྲུབ་མཐའ་ཀརྨ་ཀམ་ཚང་གི་ཆོས་སྡེ་ཞིག་ཡིན། དེང་གི་སྲིད་འཛིན་ས་ཁོངས་ལྟར་ན་ཡུལ་ཤུལ་ཁུལ། རྫ་སྟོད་རྫོང་ལྕི་སྟོད་ཡུལ་ཚོའི་མངའ་ཁོངས་དང་། ལྕི་ཤོད་སྤུག་གི་ཝར་ཆེན་ཞེས་པའི་ས་ཆ་རུ་ཆགས།   དེ་ཡང་ཐོག་མར་བྱང་སྡེ་ཁེ་ཚབ་གཉིས་ཀྱི་སྡེ་ཤོག་ལ་དམིགས་བསལ་མཆོད་གཞི་བསྟན་དགོན་མེད་པས་ས་སྐྱོང་བེ་ཅང་ལ་ཡར་ཞུ་བྱས་པའི་བཀའ་བཀོད་ལྟར་རི་པ་བར་མ་བསམ་འགྲུབ་ཆོས་འཁོར་གླིང་གིས་གཟིགས་དགོས་པའི་བཀའ་གནང་བ་མ་ཟད། དགོན་པ་ཆགས་གནས་ས་ཆ་ཝཱར་ཆེན་ནང་དུ་གཏན་ཁེལ།  རི་པ་བར་དགོན་ནས་ཁེ་ཚ་འོད་ཟེར་རྒྱ་མཚོ་བླ་མར་བསྐོས་ཏེ། རབ་བྱུང་བཅོ་ལྔ་པའི་བོད་ས་འབྲུག་ལོར། ཕྱི་ལོ་༡༨༦༨ལོར་དགོན་ས་བཏབས། དུས་འགྱུར་སྐབས་འཕོ་འགྱུར་ཚབ་ཆེན་ཐེབས།  ཕྱིས་ཆོས་སྒོ་བྱེ་རྗེས་མགོ་ཁྲིད་དང་དམངས་ཀྱི་འདོད་བློ་ལྟར་༡༩༨༤ཤིང་བྱི་ལོར་བླ་རྒན་ཡོན་དགའ་རིན་པོ་ཆེས་དགོན་པ་སླར་གསོ་མཛད། ཕྱིས་ཁོང་འདས་རྗེས་སུ་བླ་མ་བྱང་ཆུབ་རྡོ་རྗེ་དང་མགོན་བླ་ཀརྨ་ཆོས་དབྱིངས་སོགས་དགོན་པའི་དབུ་འཛིན་མི་སྣའི་ཐུགས་བསྐྱེད་འོག་འདུ་ཁང་ཆེན་མོ་གསར་གཞེངས་དང་། བཤད་གྲྭ་དང་བཅས་བསྐྱར་བཞེངས་མཛད་པ་དང་བསྟུན་ད་སྐབས་བཤད་སྒྲུབ་དར་རྒྱས་སུ་བྱུང་དང་འབྱུང་བཞིན་པའོ། །