ཙཱ་འདྲ་རིན་ཆེན་བྲག

ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ནི། རྗེ་བཙུན་མི་ལ་རས་པ་གཙང་ལ་ཡར་འབྱོན་གྱི་སྐབས་སུ་མཉམ་མེད་མར་སྟོན་རྒྱལ་བས་ “ཤར་ཕྱོགས་ན་གནས་ཆེན་དེ་ཝཱི་ཀོ་ཊི་དང་ཙཱ་རི་འབྲེལ་ནས་ཡོད་དེ།  དེ་ད་ལྟ་ཞལ་འབྱེད་མ་རན། མ་འོངས་པ་ན་ཁྱོད་ཀྱི་བུ་རྒྱུད་ཀྱིས་འཛིན་པ་ཞིག་འོང་བ་ཡིན།” ཞེས་གནས་དང་གང་ཟག་གཉིས་ཀ་ལུང་བསྟན་པ་ལྟར་འབྲི་གུང་སྤྱན་སྔ་བྱང་ཆུབ་གླིང་པ་དང་།  སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།  འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་སོགས་ཀྱིས་གདན་ས་བཏབ་ནས་ཆོས་འཁོར་རྒྱ་ཆེར་བསྐོར་བ་དང་།  ལྷག་པར་དུ་འཇམ་མགོན་བླ་མས་གྲུབ་མཐའ་རིས་མེད་ཀྱི་སྲོལ་ཕྱེས་ཤིང་མཛོད་ཆེན་རྣམ་ལྔའི་ཕྲིན་ལས་གནས་འདི་ནས་སྤེལ།

སྐུ་ཕྲེང་གཉིས་པ་འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས་གཙོ་བོ་གང་གི་རིགས་བདག་རྒྱལ་དབང་བཅོ་ལྔ་པའི་སྐུ་ཐོག་ཚད་གསེར་ཟངས་ཁྲི་རྒྱན་རྒྱབ་ཡོལ་རྒྱན་དྲུག་དང་བཅས་པ་དང༌། འཁོར་དུ་གསེར་དངུལ་སྤེལ་མ་ལས་གྲུབ་པའི་ཀ་རབས་བཅུ་བཞི་མཐོ་བརྒྱད་རེ་བཅས་ཚང་མ་ཟངས་དང་གསེར་ཤས་མཐུག་ཅིང་གསེར་དྭང་ལེགས་བཅས་བཞུགས་གནས་བཀོད་པ་ཤིན་ཏུ་ལེགས་པའི་ཀ་རབས་ལྷ་ཁང་གསར་བཞེངས་དང༌། གཞན་ཡང་གོང་མས་བཞེངས་པའི་སྒྲུབ་ཁང་ཉིད་དུས་ཡུན་རིང་བས་རྙིང་པར་གྱུར་པ་དང༌། སྒྲུབ་གྲྭ་འཕར་མ་མང་བའི་རྐྱེན་གྱིས་ཆུང་དྲགས་པའི་སྐྱོན་དུ་ཡང་གཟིགས་ནས་སྔར་གྲུབ་གྲྭ་བཅུ་སྐོར་ཙམ་གྱི་ཚད་གཞིར་ཡོད་པ་ཉིད་བཅོ་ལྔ་བསྣན་ནས་གྲུབ་གྲྭ་ཉེར་ལྔ་ཙམ་གྱི་ཚད་འོས་སུ་རྒྱ་བསྐྱེད་གསར་དུ་བཞེངས་པ་སོགས་ཀྱིས་འཕྲིན་ལས་ཀྱི་རྒྱུན་སྤེལ་བར་མཛད་དོ། །
དེ་ནས་དུས་རབས་ཉི་ཤུ་པའི་ལྔ་བཅུ་ང་དགུའི་ལོར་བོད་ཀྱི་དུས་གྱུར་སྐབས་རྟེན་དང་བརྟེན་པར་བཅས་པ་རྩ་བརླག་ཏུ་ཕྱིན་ཀྱང༌། སླར་སྤྱི་ལོ་1984 ལོར་༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བློ་གྲོས་ཆོས་ཀྱི་སེངྒེ་མཆོག་དེ་ཕྱོགས་སུ་ཞབས་ཀྱིས་བཅགས་ཏེ་བསྟན་པའི་མེ་རོ་རྨང་ནས་གསོ་བའི་དགོངས་བཞེད་ཟབ་མོས་ཞལ་བཀོད་མཛད་པ་བཞིན། ཕྱག་མཛོད་ཡོན་ཏན་ཕུན་ཚོགས་ཀྱིས་ཐོག་མར་དཔལ་ཆེན་ལྷ་ཁང་དང་སྒྲུབ་ཤག་རྣམས་བསྐྱར་བཞེངས་གྲུབ་ནས་ འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་དང་ཀ་ལུ་རིན་པོ་ཆེ་ཟུང་གི་ཞལ་སློབ་བླ་མ་ཀརྨ་རྣམ་རྒྱལ་གྱིས་སྒྲུབ་དཔོན་མཛད་ཅིང་སྒྲུབ་གྲྭ་བསྐྱར་དུ་འགོ་བཙུགས་ཤིང་སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱུན་སྐྱོང་བར་མཛད། གང་ཉིད་རྒན་ཡོལ་དུ་ཕེབས་ནས་རང་གི་ཞལ་སློབ་མེ་བླ་མ་དམ་ཆོས་སྒྲུབ་དཔོན་མཛད་ནས་རྒྱུན་བསྐྱངས།
དེ་རྗེས་འཇམ་མགོན་བླ་བྲང་གི་ཕྱག་མཛོད་བསྟན་རྡོ་རྗེ་ནས་སྒྲུབ་དཔོན་བླ་མ་ཡར་རྒྱས་གཏང་ནས་སྒྲུབ་སྡེ་མུ་མཐུད་མར་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་དང་ཆབས་ཅིག་གཞི་བྱེས་ཐུན་མོང་གིས་ཀ་རབས་ལྷ་ཁང་ཡང་གསར་བཞེངས་མཛད་པ་སོགས་རྒྱ་བསྐྱེད་ངང་འཕྲིན་ལས་ནུབ་མེད་དུ་འཕེལ་བཞིན་པའོ། །