རྟོགས་ལྡན་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཁོངས་གཏོགས་རྟོགས་ལྡན་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་ནི། བྲག་དཀར་རྫོང་ནས་སྤྱི་ལེ་༡༤༠ཡི་མཚམས་མཚོ་འཕགས་༣༧༠༠ཡས་མས་ཡོད་ས་དེར་ཕྱི་ལོ་༡༩༨༦ལོར་རྗེ་བཙུན་ངག་དབང་དོན་གྲུབ་ཀྱི་ཡང་སྤྲུལ་རྟོགས་ལྡན་བླ་མ་མཁྱེན་རབ་རྒྱ་མཚོས་ཕྱག་བཏབ་གནང་། དགོན་པ་འདི་ནི། ལོ་བ། འབའ། འོ་ཝོལ། བུ་མང་། བོང་སྟག་སྟེ་ཚོ་ཁག་མང་པོའི་སྐྱབས་གནས་རྟོགས་ལྡན་བླ་མ་ཁོང་བཞུག་པའི་རིང་ནས་ཡིན་ཞིང་། ད་ལྟ་དགོན་པའི་བསྟན་བདག་གྲུབ་ཆེན་པ་འཆི་མེད་རིག་འཛིན་གྱི་ཡང་སྤྲུལ་ཨ་ལག་ཚུལ་ཁྲིམས་རྒྱ་མཚོ་སང་ཡིན། དགོན་པ་འདིའི་མ་དགོན་ནམ་ཐོག་མའི་འབྱུང་ཁུངས་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཁོངས་གཏོགས། རྨ་ཆེན་རྫོང་གི་བྱང་རྒྱུད་རྨ་ཆུའི་ནུབ་འགྲམ་རྨ་ཧ་ལུང་གི་ས་ཆར་རྨ་ཧ་ལུང་བཀྲ་ཤིས་ཐུབ་བསྟན་གླིང་ཞེས། ཕྱི་ལོ་༡༩༡༩ལོར་བླ་མ་འཆི་མེད་རྡོ་རྗེ་དང་རྗེ་བཙུན་ངག་དབང་དོན་གྲུབ་ཟུང་གིས་ཕྱག་བཏབ་གནང་བ་དེ་རེད། ད་དུང་རྨ་ཧ་ལུང་བདེ་ཆེན་ཚལ་ཞེས་བཙུན་མའི་དགོན་པ་ཞིག་ཀྱང་གྲྭ་པའི་དགོན་པ་ལས་སྤྱི་ལེ་༣༠ཡི་མཚམས་སུ་ཡོད་པར་བཤད། གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན་ལ་སྐབས་དེའི་དགོན་པ་དང་དུར་ཁྲོད་ཀྱི་ཤུལ་ད་ལྟའང་རྨ་ཧ་ལུང་དུ་དངོས་སུ་ཡོད།